//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

ཟ་ཧོར་བན་དེ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-07 11:24:47 ཀློག་གྲངས། 26 

ཟ་ཧོར་གྱི་བན་དེའམ་རྒྱལ་བ་ལྔ་བ་བློ་བཟང་རྒྱ་མཚོ་ནི་བོད་རབ་བྱུང་བཅུ་བའི་མེ་སྦྲུལ་ཏེ་སྤྱི་ལོ་༡༦༡༧ལོར་ལྷོ་ཁ་འཕྱོངས་རྒྱས་འཕྱིང་བར་སྟག་རྩེར་ཡབ་བདུད་འདུལ་རབ་བརྟན་དང་ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། དགའ་ལྡན་ཕོ་བྲང་གི་སྐུ་ཚབ་ཚ་བ་དཀའ་བཅུ་སོགས་ཀྱིས་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེའི་ངོས་འཛིན་མཛད། གསོ་རིག་ཐད་རྒྱུད་ཆུང་གསུམ་ཐུགས་འཛིན་དང་། རྒྱུད་བཞིའི་ལུང་ཁྱབ་བདག་ཁྲ་ཚང་བ་ནས་བཞེས་པ་དང་། ཟབ་ལམ་གཡུ་ཐོག་སྙིང་ཐིག བདུད་རྩི་བུམ་པ་མ་ལག་དང་བཅས་པའི་དབང་ལུང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་དང་། ཆོས་རྒྱལ་གཏེར་བདག་གླིང་བ་སོགས་ལས་བཞེས། ཁོང་གི་བླ་སྨན་བྱང་ངོས་ནང་སོ་དར་རྒྱས་ཀྱིས་ལྷག་བསམ་དག་པས་ཞབས་བསྐུལ་ཞུས་པ་བཞིན་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་གྲྭ་ཐང་པར་མ་ཇི་བཞིན་གྱིས་སློབ་དཔོན་དོན་གྲུབ་དཔལ་བ་སོགས་བྱེད་འཇུག་གནང་བ་དང་། དེ ་བཞིན་དར་མོ་སྨན་རམས་པས་གསོ་བ་བཏབ་པ་དང་མ་དཔེ་འབུལ་མི་གང་བྱུང་ལྟར་གྱི་ཆ་ལག་བཅོ་བརྒྱད་དང་། ཡང་དར་མོ་སྨན་རམས་པ་དང་། རྣམ་གླིང་པཎ་ཆེན་གཉིས་ཀྱིས་གསོལ་བ་བཏབ་ཅིང་། རྣམ་གླིང་པཎ་ཆེན་རང་ཞུས་དག་བྱེད་འཇུག་པ་གནང་བའི་རྩ་རྒྱུད་མེས་པོའི་ཞལ་ལུང་་དང་། བཤད་རྒྱུད་མེས་པོའི་ཞལ་ལུང་། ཕྱི་རྒྱུད་མེས་པོའི་ཞལ་ལུང་། ཕྱི་མ་རྒྱུད་ཆུ་མདོ་སོགས་ལ་ལྔ་བ་ཆེན་པོས་ལྗགས་ཞུས་ཚད་ལྡན་གནང་སྟེ་འཛད་མེད་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བ་གནང་། དེ་མིན་ཆུ་ལུག་སྟེ་སྤྱི་ལོ་༡༦༤༣ལོར་འབྲས་སྤུངས་ཕོ་བྲང་ནུབ་མར་ཐོག་མར་ཉི་ཐང་དྲུང་ཆེན་བློ་བཟང་རྒྱ་མཚོ་སློབ་དཔོན་དང་། རྗེས་སུ་བྱང་ངོས་ནང་སོ་དར་རྒྱས་ཀྱིས་དོ་དམ་གནང་བའི་གསོ་རིག་འགྲོ་ཕན་གླིང་དང་། གཞིས་ཀ་རྩེར་ཚ་རོང་བས་དོ་དམ་བྱས་པའི་དྲང་སྲོང་འདུས་པའི་གླིང་། གསང་ཕུ་ཉི་མ་ཐང་གི་སྨན་གྱི་སློབ་གྲྭ།  རྩེ་པོ་ཏ་ལའི་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་བྱང་ངོས་ནང་སོ་དར་རྒྱས་དང་རྗེས་སུ་དར་མོ་སྨན་རམས་པས་འགན་བཞེས་ཏེ་བཙུགས་པའི་སློབ་གྲྭ་སོགས་སྔ་རྗེས་སུ་འཛུགས་པར་མཛད། ལྷག་བསམ་དང་ན་བཟང་གླིང་བ་སོགས་སློབ་མ་ལ་ཡང་ཕོགས་དང་མཐུན་རྐྱེན་སོགས་བསྩལ། དཔོན་ཚང་ཚང་རོང་བས་རེ་འདུན་ཞུས་པ་ལྟར་དྲང་སྲོང་འདུས་པའི་གླིང་གི་བཅའ་ཡིག་ཀྱང་གསར་རྩོམ་མཛད། འཕགས་ཡུལ་ནུབ་ཕྱོགས་མ་ཧོ་རའི་བྲམ་ཟེ་སེ་ཧྱ་སི་གོ་ད་ར་རཉྩ་ར་དང་། མ་ཧཱ་ལོ་ཙ་བ་འདར་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་གཉིས་ཀྱིས་ཚེའི་རིག་བྱེད་མཐའ་དག་གི་སྙིང་བོ་བསྡུས་པ་དང་། རྒྱ་གར་ཕ་ཧཱའི་སྨན་པ་ད་ན་ད་བའི་སྨན་བཅོས་ཕན་བྱེད་ཀྱི་འཁོར་ལོ་རིགས་མ་གཅིག་པ་བདུན་ཅུ་རྩ་གཉིས། མ་དྷུ་རའི་རྒྱལ་རིགས་ཚེའི་རིག་བྱེད་འཛིན་པ། ར་གུ་ནཱ་ཐའི་ཚངས་པ་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བ་ཅན་དང་། ཕན་བྱེད་མན་ངག་ལག་ལེན་ཐོར་བུ། ཤཱ་ཇང་གི་སྨན་པ་མན་ན་ཧོས་མིག་འབྱེད་མཐོང་བ་དོན་ལྡན་རྣམས་ཕོ་བྲང་ཆེན་པོ་པོ་ཏཱ་ལར་བསྒྱུར་བའི་བཀའ་ལུང་ཕེབས་ཤིང་མཐུན་རྐྱེན་བསྩལ། སྐབས་དེར་གངས་ཅན་གྱི་ལྗོངས་ནས་ཀྱང་གྲ་ཕྱི་སྟོད་ལུགས་པ་གནས་ལུགས་ཆེད་འབོད་མཛད་ནས་མི་ཏྲ་ཛོ་ཀི་དང་། བོད་ལུགས་ཀྱི་མིག་འབྱེད། གཙང་སྟོད་དར་མ་མགོན་པོའི་བརྒྱུད་པ་དགེ་སློང་གཞན་ཕན་ལ་སྙིང་པོ་བསྡུས་པ། ཟིན་ཏིག་གཅེས་བསྡུས། གསེར་བྲེ། བྱང་བ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གི་བཤད་རྒྱུད་འགྲེལ་ཆེན་སོགས་ལུང་དུ་མ་གནང་། གྲུབ་ཐོབ་ཨོ་རྒྱན་པའི་ལུགས་ཀྱི་དངུལ་ཆུ་བཙོ་བཀྲུ་རྣམས་དར་མོ་སྨན་རམས་པ་དང་། ལྷག་བསམ་གཉིས་གཙོར་གྱུར་གྱིས་གཉུག་མར་གནས་པ་རྣམས་ལ་འགྲོ་ཕན་གྱི་ཆེད་དུ་སློབ་ཏུ་འཇུག་པ་གནང་། ད་དུང་རྣམ་གླིང་པཎ་ཆེན་དང་། དར་མོ་བ་བློ་བཟང་ཆོས་གྲགས་ཟུང་དུ་འཇུག་པས་མེས་པོའི་ཞལ་ལུང་གི་འཕྲོས་ཀྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་བ་རྡོ་རྗེ་མདུད་འགྲོལ། དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་དེའི་སློབ་མ་མེར་མོ་བ། ལ་ར་བ་རྣམས་ཀྱིས་འབྲི་མཆན་སོར་བཞག་གིས་དཀའ་འགྲེལ་གྱི་ཚུལ་ལེགས་བཤད་གསེར་རྒྱན་དང་གཡུ་ཐོག་གསར་རྙིང་གི་རྣམ་ཐར་མེར་མོ་བ་དང་། ལ་ར་བས་ཡིག་རྙིང་ལས་བསྡུས་པ་རྣམས་ཀྱང་གདུལ་བྱའི་བློ་བསྟུན་གྱིས་བགྱིད་དུ་འཇུག་པར་བཀའ་བསྩལ་ཞིང་པར་དུ་བརྐོ་རྒྱུའི་པར་བྱང་སོགས་བཀའ་དྲིན་བསྐྱངས། དགུང་ལོ་རེ་དྲུག་པ་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་སྟེ་སྤྱི་ལོ་༡༦༨༢ལོར་སྐུ་མྱ་ངན་ལས་འདས།

གོང་ངོས། ཡིག་ཆ་མི་འདུག
X