//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-07 14:26:28 ཀློག་གྲངས། 63 

སྡེ་སྲིད་སངས་རྒྱས་རྒྱ་མཚོའམ་མཚན་གཞན་ལ་བུདྡྷ་ཨ་སྟི་ཞེས་སུ་འབོད་པ་ནི་རབ་བྱུང་བཅུ་གཅིག་པའི་ཆུ་སྦྲུལ་ཏེ་སྤྱི་ལོ་༡༦༥༣ལོའི་བོད་ཟླ་བདུན་པར་ཉང་ཏིང་འཛིན་བཟང་པོའི་བྲན་དུ་གྱུར་པའི་གྲོང་སྨད་ཅེས་བྱ་བའི་ཡུལ་དུ་མར་པ་ལོ་ཙཱ་བའི་བུ་ཆེན་བཞིའི་ནང་གི་མཚུར་སྟོན་དབང་གི་རྡོ་རྗེའི་རིགས་ལས་བྱུང་བ་ཡབ་ཨ་སུག་དང་། ཡུམ་བུ་ཁྲིད་རྒྱལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་རྒྱལ་དབང་ལྔ་པའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་ལོངས་སུ་སྤྱོད་པ་དང་། སྐུ་ནར་སོན་རྗེས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་བསྩལ་ནས་སྐུའི་ཞབས་རིམ་ལ་ཡུན་རིང་དུ་བཞུགས། སྔ་ཕྱིར་མཁས་དབང་དཔལ་ལྡན་ཕུན་ཚོགས་ལས་མིང་ཚིག་བརྗོད་གཞི་ཡི་གེ་དང་། འདར་ལོ་ངག་དབང་ཕུན་ཚོགས་ནས་སྐར་རྩིས་དང་སྒྲ་རིག་སུམ་རྟགས་སྙན་ངག ལུ་འགོ་བླ་མཁྱེན་ངག་གི་དབང་པོ་ལས་དབྱངས་འཆར། བྱང་པ་ལྷུན་སྡིངས་པ་རྣམ་རྒྱལ་རྡོ་རྗེའི་དྲུང་ནས་བྱང་ཁོག་ཡུལ་ཐིག་དང་། རྩ་རྒྱུད་སྡོང་འགྲེམས། གསང་སྨན་ཆིག་རྒྱུད་སྐོར་གྱི་མན་ངག་སོགས་ལ་གསན་སྦྱངས་མཛད། དགུང་ལོ་བཅོ་བརྒྱད་སྐོར་ནས་གྲྭ་ཐང་སོར་བཞག་གི་རྒྱུད་བཞི་ནས་རྒྱུད་ཆུང་གསུམ་བློར་འཛིན་གནང་། དགུང་ལོ་ཉི་ཤུ་རྩ་བདུན་སྟེང་རྒྱལ་དབང་ལྔ་བས་དབང་བསྐུར་ཏེ་ཆོས་སྲིད་གཉིས་ཀའི་རྒྱལ་ཚབ་བགྱིས་ཏེ་ལོ་ངོ་ཉི་ཤུ་རྩ་དྲུག་གི་རིང་ལ་སྡེ་སྲིད་ཀྱི་འགན་བཞེས་ནས་སྲིད་བསྐྱངས་པ་དང་། རྩེ་ཕོ་བྲང་དམར་པོ་ཉམས་གསོ་དང་རྒྱ་བསྐྱེད་གནང་ནས། རྒྱལ་དབང་ལྔ་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་བཞེངས། དགུང་ལོ་སོ་ལྔ་པར་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻདཱུརྱ་སྔོན་པོའི་མ་ལླི་ཀ་ཞེས་པ་རྩོམ་དབུ་བཙུགས་ནས་ཕྱི་ལོར་ལེགས་གྲུབ་བྱུང་། དགུང་ལོ་ཞེ་གསུམ་པ་ལ་གྲྭ་ཐང་རྒྱུད་བཞིར་ཚིག་ཆད་པ་དང་། བརྡ་རྙིང་གོ་དཀའ་བ། ས་བཅད་འཁྲུགས་པའི་རིགས་རྣམས་ལ་འོལ་སྤྱི་ཟོལ་བཟོ་མིན་པ་དང་། དངུལ་ཆུ་གྲུབ་པ་སོགས་རྒྱ་གར་གྱི་འགྱུར་རིགས་དང་། སྨན་དཔྱད་ཟླ་བའི་རྒྱལ་པོ་སོགས་རྒྱ་ནག་གི་འགྱུར་རིགས། འཁོར་ལོ་རྒྱལ་པོའི་བེའུ་བུམ་སོགས་ཞང་ཞུང་གི་འགྱུར་རིགས། སྔ་འགྱུར་རྡོ་རྗེ་ཐེག་པ་བཀའ་གཏེར་གྱི་རིགས། བོད་དུ་སྔ་རབས་སུ་བྱུང་བའི་གཞུང་ལུགས་རྩ་བཤད་ཕྱི་གསུམ་ལ་འགྲེལ་བའི་རིགས། མན་རྒྱུད་གཡུ་ཐོག་པའི་གསེར་མཆན། རྫོང་དགའི་རྒྱུད་བཞི་པར་མ། ལྕགས་སྨྱུག་གིས་བྲིས་པའི་ཡིག་རྙིང་ལེ་ཚན་དང་བསྟུན་པ་སོགས་ལ་ཞིབ་ཏུ་དཔྱད་ནས། རྒྱུད་བཞིར་བྱི་དོར་་གྱིས་པར་དུ་བརྐོས་ཤིང་། བཻ་སྔོན་གྱི་དོན་མ་ལུས་པ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་བདེ་བླག་ཏུ་རྟོགས་པར་སྨན་ཐང་བྲིས་ཆ་སྔོན་དུ་ལྔ་བཅུ་དང་རྗེས་སོར་དོན་དགུ་གསར་དུ་བཞེངས། དགུང་ལོ་ཞེ་གཅིག་པ་ལ་མན་ངག་རྒྱུད་ཀྱི་ལྷན་ཐབས་ཟུག་རྔུའི་ཚ་གདུང་སེལ་བའི་ཀཏྦཱུ་ར་དུས་མིན་འཆི་ཞགས་གཅོད་པའི་རལ་གྲི་དང་། གནང་རིགས་རྗེས་སྦྱངས་ཀྱི་སྨན་པ་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེས་རྐྱང་སེལ་སྐོར་འཚོ་བྱེད་སྤྱི་ལ་དྲི་བ་ཞིག་ལྷ་སའི་རྡོ་རིང་ལ་སྦྱར་བར་དངོས་ལན་ཐེབས་པ་མ་བྱུང་བར་དྲིས་ལན་ནམ་གསལ་བྱེད་དྲང་ཐིག་སྲིད་སྒྲུབ་ཀྱི་མདའ་དང་། སྨིན་གྲོལ་གླིང་ནས་ཚེ་རིག་འཛིན་པ་ངག་དཔལ་གྱི་བཻ་དཱུརྱ་སྔོན་པོར་དོགས་གནས་ཀྱི་རྒྱུ་མཚན་བྱུང་བའི་ལན། བོད་མཁས་པ་མི་ཕན་དགེ་ལེགས་རྣམ་རྒྱལ་གྱི་སྨན་རྩིས་གཉིས་ཀྱི་ནོར་འཁྲུལ་ལ་དགག་པ་གནང་བའི་ལན། རྩིས་ཀྱི་བསྟན་བཅོས་བཻ་དཱུརྱ་དཀར་པོ། དྲིས་ལན་གཡའ་སེལ། སྨན་གྱི་ཁོག་འབུབས་དྲང་སྲོང་དགྱེས་པའི་དགའ་སྟོན། གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་སོགས་སྨན་རྩིས་ཀྱི་བསྟན་བཅོས་པོད་ཚད་ཉི་ཤུ་ཙམ་མཛད། ལྔ་པ་ཆེན་པོས་སྔ་སོར་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་ཞེས་པ་འཛུགས་པ་གནང་ཡང་། ཐོར་ཞིག་གིས་ལམ་དུ་མ་རྒྱུགས་པའི་དགོངས་པ་སྐོང་སླད་དུ། རིག་གནས་ཆེ་ཆུང་གི་གྲྭ་ཚང་ལྕགས་རི་འགྲོ་ཕན་ལྟ་ན་ངོ་མཚར་རིག་བྱེད་གླིང་ཞེས་པ་གསར་འཛུགས་གནང་ནས། ཁོང་སྐུ་ངོ་མས་རྀཥིའི་དུས་སུ་རྒྱུད་ཀྱི་ལུང་དང་དེའི་དོན་འགྲེལ་ངོ་སྤྲོད་ཀྱི་གསུང་བཤད་ཅི་རིགས་གནང་ནས་གསོ་རིག་བསྟན་པ་འཕེལ་རྒྱས་འགྲོ་བར་བྱས་རྗེས་རླབས་ཆེན་བཞག དགུང་ལོ་ང་གསུམ་པ་སྤྱི་ལོ་༡༧༠༥ལོའི་ཟླ་དྲུག་པའི་ནང་སྟོད་ལུང་སྣང་རྩེར་ལྷ་བཟང་ཧན་གྱིས་བཀྲོངས།

X