//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

རྣམ་གླིང་པཎ་ཆེན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-08 10:53:06 ཀློག་གྲངས། 89 

དཀོན་མཆོག་ཆོས་གྲགས་སམ་ཡོངས་གྲགས་སུ་རྣམ་གླིང་པཎ་ཆེན་ཞེས་འབོད་པ་ནི་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་སྟེ་སྤྱི་ལོ་༡༦༤༦ལོར་ལྷོ་ཁ་རྣམ་སྲས་གླིང་དུ་སྐུ་འཁྲུངས། རྒྱལ་དབང་ལྔ་བ་མཆོག་གིས་ཐོག་མར་བྱང་ངོས་ནང་སོ་དར་རྒྱས་ཀྱིས་རེ་བསྐུལ་ཞུས་པ་བཞིན་འཕྲིན་ལས་ཀྱི་བྱེད་པ་སློབ་དཔོན་དོན་གྲུབ་དཔལ་བ་དང་། དར་མོ་སྨན་རམས་པ། རྣམ་གླིང་པཎ་ཆེན་ཁོང་བཅས་ལ་གྲྭ་ཐང་རྒྱུད་བཞི་འདི་ཉིད་སོར་བཞག་གི་ཞུ་དག་གནང་དགོས་པའི་འགན་དབང་སྩལ་པ་དང་ཆབས་ཅིག་ཟུར་མཁར་བློ་གྲོས་རྒྱལ་པོའི་རྩ་རྒྱུད་ཀྱི་འགྲེལ་བ་མེས་པོའི་ཞལ་ལུང་དང་། བཤད་རྒྱུད་ཀྱི་འགྲེལ་བ་མེས་པོའི་ཞལ་ལུང་སོགས་མེས་པོའི་ཞལ་ལུང་གི་ཆུ་མདོ་ཡན་རྣམས་དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་དང་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་གཉིས་ནས་ཞུ་དག་གི་འགན་སྩལ་ཏེ་པར་དུ་བརྐོས། ལྷག་པར་དུ་རབ་བྱུང་བཅུ་གཅིག་པའི་ས་ལུག་སྟེ་སྤྱི་ལོ་༡༦༧༩ལོར་རྒྱལ་དབང་ལྔ་བས་མཐུན་རྐྱེན་དང་རྒྱབ་སྐྱོར་མཛད་དེ། ཕྱི་རྒྱུད་མེས་པོའི་ཞལ་ལུང་གི་ཆུ་མདོ་མན་གྱི་འགྲེལ་བ་དཀའ་གནད་རྡོ་རྗེ་མདུད་འགྲོལ་གྱི་མཇུག་བྱང་ལྟར་ན་དར་མོ་སྨན་རམས་པས་ལྗགས་རྩོམ་གནང་བ་དང་། རྣམ་གླིང་པཎ་ཆེན་གྱིས་ཞུ་དག་མཛད་པར་རྒྱལ་དབང་ལྔ་བས་བསྔགས་བརྗོད་གནང་བ་བཀོད་ཡོད། གཞན་ཡང་ལྷུན་སྡིངས་རྣམ་རྒྱལ་རྡོ་རྗེ་ལྷ་སར་ཕེབས་རྗེས་སྡེ་སྲིད་རིན་པོ་ཆེ་སྐུ་ངོ་མས་ཁེངས་པ་གཅོག་པའི་ཕྱིར་འཇུར་བཀག་གི་དྲི་བ་མང་པོ་གནང་བའི་ཁར་རྣམ་གླིང་པཎ་ཆེན་མངགས་ཏེ། པོ་ཏ་ལའི་ཁྱམས་སྟེང་དུ་རྣམ་རྒྱལ་རྡོ་རྗེ་དང་དྲི་མོལ་ཁ་ཤས་བགྱིད་བཅུག་པ་ཞེས་གསལ་བས། རྒྱལ་དབང་ལྔ་པ་ཆེན་པོ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ཀྱིས་ཐུགས་གཙིགས་གནང་བ་རྟོགས་ཐུབ།

X