//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-08 11:13:10 ཀློག་གྲངས། 17 

དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ནི་ལྷོ་ཁ་ཡར་ཀླུངས་ཤར་ཀྱི་ཆ་ཤམ་པོ་གངས་ཀྱི་ཉེ་ལོགས་གཉན་པ་སའི་གྲོང་ཁྱེར་དར་མོ་ཞེས་པར་རྒྱལ་མོ་གཡུ་སྒྲ་སྙིང་པོའི་རིགས་སུ་རབ་བྱུང་བཅུ་གཅིག་པ་སྟེ་སྤྱི་ལོ་༡༦༣༨ལོར་སྐུ་འཁྲུངས། རྗེ་ཉིད་དང་པོར་སྐྱིད་ཚལ་ཀླུ་སྦུག་གླིང་དུ་བཞུགས་ནས་རྗེས་སུ་འབྲས་སྤུངས་ཕོ་བྲང་ནུབ་མར་གསོ་རིག་འགྲོ་ཕན་གླིང་གི་ཐོ་བཙུན་གྱི་གྲས་སུ་ཚུད་རྗེས་སྔ་ཕྱིར་ཉི་ཐང་སྤྲུལ་སྐུ་བློ་བཟང་རྒྱ་མཚོ་དང་། དྲང་སྲོང་བསྟན་འཛིན་རྒྱལ་པོ། གླིང་སྟོད་ཆོས་རྗེ་སོགས་སློབ་དཔོན་བཅུ་ཕྲག་ལྔ་ཙམ་གྱི་ཞབས་ལ་གཏུགས་ཤིང་གསོ་དཔྱད་ལ་སྦྱང་བརྩོན་མཛད་པས་སྨན་རམས་པའི་མཚན་སྙན་ཐོབ་པ་ན་ལྔ་བ་ཆེན་པོས་གཟིགས་པ་ཆེ་བ་དང་། སྡེ་སྲིད་རིན་པོ་ཆེས་ཀྱང་སྨན་བླ་ལྟ་བུར་འདུག་ཅེས་བསྔགས་བརྗོད་གནང་བ་བཞིན་ལྷ་དབང་ལྕོག་གམ་ཤར་ཆེན་ལྕོག་ཏུ་སྨན་གྱི་སློབ་གྲྭའི་སློབ་དཔོན་དང་རྒྱལ་དབང་ལྔ་བ་ཆེན་པོའི་སྐུའི་བླ་སྨན་མཛད། མཚན་གཞན་ལ་དྲུང་འཚོ་དར་མོ་ཞེས་རྒྱལ་དབང་ལྔ་བའི་སྐུ་འཁོར་གཙོ་བོའི་གྲས་སུ་ཡོད། བརྩམས་ཆོས་ལ་གདམས་ངག་ལག་ལེན་གྱི་སྙིང་བོ་བསྡུས་པ་མན་ངག་བཀའ་རྒྱ་མ་དང་། བཤད་རྒྱུད་སྡོང་འགྲེམས་ལེགས་བཤད་གསེར་གྱི་ཐུར་མ། རྒྱས་པ་བཤད་རྒྱུད་ཀྱི་སྡོང་འགྲེམས་དང་རྩ་ཚིག་ཟུང་འབྲེལ་ཅན་གསེར་མཆན་རྣམ་བཀྲ་གན་མཛོད། ཕྱི་རྒྱུད་ཀྱི་འགྲེལ་བ་དཀའ་ཕྲེང་མུན་སེལ་སྒྲོན་མེ། ནུས་པ་རྐྱང་སེལ་གྱི་ཚིག་དོན་འགྲེལ་བ་མེས་པོའི་དགོངས་རྒྱན། གཡུ་ཐོག་གསར་མའི་རྣམ་ཐར། རིན་ཆེན་གྲང་སྦྱོར་གྱི་གསལ་བྱེད་འཆི་མེད་བདུད་རྩིའི་ཉིང་ཁུ། ལྷན་ཐབས་ཀྱི་གསང་སྨན་ངོས་འཛིན། ལེགས་བཤད་གསེར་རྒྱན། ལྔ་བ་ཆེན་པོའི་བཀའ་བཞིན་དར་མོ་བ་རང་དང་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་རྣམ་གཉིས་ཀྱིས་ཕྱི་རྒྱུད་ཆུ་མདོ་མན་གྱི་འགྲེལ་བ་མེས་པོའི་ཞལ་ལུང་དཀའ་གནད་རྡོ་རྗེ་མདུད་འགྲོལ་སོགས་མཛད། འཕགས་ཡུལ་གྱི་སྨན་པ་རྨ་ན་ཧོ་ གཡོར་པོ་ཕྱོགས་སུ་འབྱོར་བ་སློབ་དཔོན་དུ་བསྟེན་ནས་གཞུང་དང་ལག་ལེན་གྱི་གོ་དོན་ཚུལ་བཞིན་རྟོགས་ཏེ་མིག་འབྱེད་ལ་ཤིན་ཏུ་མཁས་པ་ཞིག་ཏུ་གྱུར་པས། ལྔ་པ་ཆེན་པོ་དགུང་ལོ་ལྔ་བཅུ་ང་དགུ་བཞེས་དུས་སྤྱན་གཡོན་པ་མི་གསལ་བ་དང་། དེ་ནས་རིམ་གྱིས་གཡས་ཀྱང་མི་གསལ་བར་གྱུར་བ་ལ་གཤགས་བཅོས་གནང་ནས་ལེགས་གྲུབ་བྱུང་། རྗེས་འཛིན་གྱི་སློབ་མ་ལ་སྨན་རམས་པ་བློ་གྲོས་ཆོས་འཕེལ་སོགས་མང་པོ་ཐོན།

X