//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

དེའུ་དམར་བསྟན་འཛིན་ཕུན་ཚོགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-08 14:28:11 ཀློག་གྲངས། 67 

དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་དཔལ་བཟང་པོ་ནི། རབ་བྱུང་བཅུ་གཅིག་པའི་ཆུ་མོ་གླང་སྟེ་སྤྱི་ལོ་༡༦༧༢ལོར་ཆབ་མདོ་ཀྲོན་ཆུས་གོ་འཇོ་གསེར་དགར་ཡབ་བི་ཇིའི་རིགས་བརྒྱུད་རྡོ་རྗེ་བཀྲ་ཤིས་དང་ཡུམ་དཀར་པོ་བཟའ་ལྷ་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གོ་འཇོའི་གསེར་དགའ་ཞེས་པའི་གྲོང་ཚོའི་འགྲམ་ལ་རི་དེའུ་དམར་པོ་ཞིག་ཡོད་པའི་ཉེ་ལོགས་སུ་མཚམས་ཁང་བརྒྱབ་ནས་བཞུགས་པས་མཚན་ལ་དེའུ་དམར་ཞེས་སུ་གྲགས། སྐུ་ན་ཆུང་ངུའི་དུས་ནས་ཡབ་དང་ཁུ་བོ་ལས་ཡི་གེ་དང་སྨན་རིག་བསླབས། ཁམ་པ་སྒར་དུ་བླ་མ་ཀུན་དགའ་བསྟན་འཛིན་རིན་པོ་ཆེ་ལས་རབ་བྱུང་བཞེས་ནས་ཆོས་གཞུང་དང་གསོ་དཔྱད་རིག་པ་གསན། དགུང་ལོ་བརྒྱད་ཀྱི་ཐོག་ནས་རིག་གནས་སྤྱི་དང་ཁྱད་པར་སྨན་རྩིས་ལ་ཐོས་བསམ་དཔྱིས་ཕྱིན་གནང་། དགུང་ལོ་བཅུ་གཉིས་པའི་དུས་ཤཱཀྱ་ལྷ་དབང་གི་ཞབས་པད་བསྟེན་ནས་ཆོས་བཀའ་དུ་མ་དང་ལྷ་བྲིས་ཀྱི་ཐིག་རྩ་སོགས་གསན། དགུང་ལོ་བཅུ་བདུན་ནས་དྭགས་པོ་བཀའ་བརྒྱུད་ཀྱི་མདོ་ཁམས་པ་ངག་དབང་ཀུན་དགའ་བསྟན་འཛིན་དང་། ཀརྨ་བསྟན་འཕེལ། ཨོ་རྒྱན་སྨིན་གྲོལ་གླིང་གི་གདུང་སྲས་པད་མ་དབང་རྒྱལ་སོགས་ངེས་པ་དོན་གྱི་བླ་མར་བསྟེན་ནས་རྫོགས་པ་ཆེན་པོའི་ཆོས་སྐོར་རྣམས་གསན་པ་མ་ཟད། གསོ་དཔྱད་དང་སྐར་རྩིས་གཉིས་ལ་སྦྱངས་པ་མཐའ་འཁྱོལ་བ་གནང་སྟེ་གཞན་གྱིས་གསོ་བར་མི་ནུས་པའི་ནད་པ་མང་པོ་སོས་པར་མཛད། རྗེས་སུ་རྫི་དཀར་དགོན་པའི་སྒྲིག་ཁྲིམས་དང་མ་མཐུན་པའི་སྐོར་གྱི་བསྙད་འདོགས་སྣ་ཚོགས་རྐྱེན་གྱིས་དགོན་པ་དང་ཞལ་བྲལ་ནས་སྡེ་དགེ་ལྷ་ཐོག་ཁུལ་དུ་ལོ་ཤས་བཞུགས། ལྷ་ཐོག་རྒྱལ་པོ་བློ་གྲོས་ཀྱིས་ཀྱང་དེའུ་དམར་བསྟན་འཛིན་ཕུན་ཚོགས་ལ་མི་བཟོད་པའི་སྡང་ཟུག་སྤྲད་དེ་ལྷ་ཐོག་ནས་ཡུལ་འབུལ་བཏང་བ་མ་ཟད། ཁོང་གིས་བརྩམས་པའི་བསྟན་བཅོས་པོ་ཏི་ཞེ་གཉིས་ཙམ་ཡོད་པ་འགའ་ཤས་མེ་ལ་བསྲེགས་པ་དང་། འགའ་ཤས་ཆུ་ལ་བསྐྱུར་བའི་བྱ་ངན་མ་རུངས་པ་སྣ་ཚོགས་བྱས་པས་ཁོང་ཡུལ་དེར་ཞལ་གྱེས་ཏེ་རིམ་བཞིན་འཇང་ཡུལ་དང་། ཡུན་ནན། རྒྱ་གར་ནག་བཅས་ལ་གནས་བསྐོར་ཕེབས་ཏེ་བོད་སྨན་ལ་མཁོ་བའི་སྨན་རྫས་རྣམས་ཀྱི་ངོས་འཛིན་དང་ལས་སྣོན་བྱེད་ཚུལ་ལ་ཞིབ་ཕྲ་གཟིགས་རྗེས་བོད་དུ་ཕེབས། རྗེ་ཙོང་ཁ་བའི་རིང་ལུགས་འཛིན་པའི་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་སེ་ར་ཐེག་ཆེན་གླིང་དུ་བཀའ་གདམས་གསར་མའི་ཡིག་ཆ་ཁག་དང་། གཞུང་པོད་ཆེན་པོ་ལྔ་དཔྱིས་ཕྱིན་པར་གསན་སྦྱོང་མཛད་ནས་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་བཞེས་ནས། སྟོད་ལུང་ལྡིང་ཁའི་ཆོས་གྲྭར་བཞུགས་དུས་ལྷོག་པའི་དམར་ཁྲིད་ཆེན་མོ་དང་། བྱང་གི་གནམ་མཚོ་ཕྱུག་མོའི་བཀྲ་ཤིས་དོ་བོ་ཆེའི་གནས་སུ་བཞུགས་དུས་འཚོ་བྱེད་ཚུལ་ཁྲིམས་རྡོ་རྗེས་རྩོམ་ཞུ་བསྐུལ་བར་སྨན་གཏོང་ཚུལ་གྱི་སྐོར་གླེང་བ། ཆབ་མདོ་བྱམས་པ་ཆོས་གླིང་དུ་བཞུགས་སྐབས་ལུས་གནད་གསལ་བའི་སྟོང་ཐུན། རྒྱལ་བ་ཀརྨ་པའི་གདན་སར་རོ་དྲུག་སྨན་གྱི་སྡེབ་སྦྱོར་གསལ་བར་འགྲེལ་བ་དྲང་སྲོང་ཞལ་ལུང་བ་ཀུ་ལའི་འདབ་ཕྲེང་། ཁམས་རི་བོ་ཆེར་བཞུགས་དུས་སྨན་བཅོས་བདུད་རྩིའི་ཕྲེང་བ། ནང་ཆེན་རྒྱལ་བོའི་ཕོ་བྲང་སྒར་ཆེན་འཁྱིལ་གྱི་བཀྲ་ཤིས་འཁྱིལ་བར་བཞུགས་དུས་ནང་ཆེན་རྒྱལ་བོ་རྡོ་རྗེ་ཚེ་རིང་གིས་ཞུས་ནས་དུག་བཅོས་ཀྱི་སྐོར་དང་རིན་ཆེན་རིལ་བུ་བསྟེན་ཐབས་སོགས། ཆོས་ཀྱི་རྒྱལ་པོ་སྡེ་དགེ་བུ་རིན་པོ་ཆེས་ཞུས་ནས་གསང་སྨན་སྐོར་དང་གློ་གསོའི་སྐོར་རྣམས་དངུལ་མདའི་ཕོ་བྲང་ཆེན་པོ། དགུང་གྲངས་ང་ལྔ་པར་གོ་འཇོ་རྫོང་དང་འདབ་འབྲེལ་བའི་འཇོ་མདའ་རྫོང་གི་ས་ཉ་ཤིས་ཨ་ཁྱ་རི་ཁྲོད་དུ་ཤེལ་ཕྲེང་། ཉག་བཤེས་སྐུ་འབུམ་ཕུན་ཚོགས་བདེ་ཆེན་དུ་བྱང་ཁོག་ཡུལ་ཐིག དུག་བརྟག་གསལ་སྟོན་ནོར་བུའི་མེ་ལོང་། རིན་ཆེན་ཚ་སྦྱོར་གྱི་གདམས་པ་གདེང་ཅན་གཙུག་གི་མ་ཎི་རིན་ཆེན་གྲང་སྦྱོར་གྱི་གདམས་པ་བདུད་རྩི་ཤེལ་གྱི་བུམ་པ། བྱིས་པའི་རྣ་པྲ་འབེབ་པ་རྟེན་འབྲེལ་མེ་ལོང་བྱི་དོར་དག་བྱེད། གདོན་ངོས་གསལ་བྱེད་རྐུན་པོ་ངོས་འཛིན་རིག་པའི་མེ་ལོང་། མིག་སྨན་གསལ་བཤད་སྦྱོར་བ་ཡེ་ཤེས་སྤྱན་ཅན། གདོན་ངོས་གསལ་བྱེད་རྐུན་པོ་ངོས་འཛིན་རིག་པའི་མེ་ལོང་། སྨན་བཟོའི་ལག་ལེན་མྱོང་བས་གྲུབ་པ། དཔལ་ལྡན་རྒྱུད་བཞིའི་མཆན་འགྲེལ། མེ་བཙའི་གདམས་པ་རྒྱས་སྤྲོས་ཤེལ་དཀར་མེ་ལོང་སོགས་བསྟན་བཅོས་པོད་བརྒྱ་ལྷག་ཙམ་མཛད། རྗེ་ཉིད་ཀྱི་བཞུགས་གནས་གཙོ་བོ་གོ་འཇོ་གསེར་དགའི་དེའུ་དམར་ཟབ་རྒྱས་གླིང་ཡིན་པས་གསུང་རྩོམ་མང་ཆེ་བ་དེ་ནས་མཛད་པར་སྙམ། སློབ་མ་ལ་དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་དང་། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ། རྫ་སྟོད་ལྷ་ཆེན་དྷརྨ་མངྒ་ལཾ་སོགས་བསྐྱངས།

X