//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

སི་ཏུ་ཆོས་ཀྱི་འབྱུང་གནས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-08 15:39:36 ཀློག་གྲངས། 35 

ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་སམ་མཚན་ཡོངས་ལ་དཔལ་སྤུངས་སི་ཏུ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ནི་བོད་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་སྟེ་སྤྱི་ལོ་༡༧༠༠ལོར་མདོ་ཁམས་སྡེ་དགེའི་མངའ་ཁུལ་ཨ་ལོ་དིང་རི་སྒང་དུ་ཡབ་ཨ་ལོ་ངག་དབང་ཚེ་རིང་དང་ཡུམ་གད་ཐོག་བཟའ་ཁྲ་འགུ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཀརྨ་པ་ཡེ་ཤེས་རྡོ་རྗེའི་ལུང་བཞིན་སི་ཏུའི་ཡང་སྲིད་དུ་ངོས་འཛིན་བྱས། དགུང་ལོ་དགུ་ཙམ་ནས་རྒྱ་གར་དང་བལ་ཡུལ་སྐད་རང་བྱུང་དུ་ཤེས། ལེགས་སྦྱར་ཡང་དགའ་རབ་མཁྱེན་དང་ཞྭ་དམར་ཆོས་ཀྱི་དོན་གྲུབ་ཀྱི་མདུན་ནས་རབ་བྱུང་སྙན་རྫོགས་གསན་ནས་མཚན་ལ་ཀརྨ་སི་ཏུ་ཆོས་ཀྱི་འབྱུང་གནས་ཞེས་སུ་གསོལ། དགུང་ལོ་ཉེར་ལྔ་པ་ལ་བལ་ཡུལ་དུ་ཕེབས། རྒྱ་གར་གྱི་པཎྜི་ཏ་བིཥྞུ་པ་ཏི་ཏེ་དཔལ་གྱི་བདག་པོ་ལ་ཕྱི་རོལ་བའི་ལུགས་ཀྱི་ཚད་མ་དང༌། དབྱངས་ཅན་མགུལ་རྒྱན། བརྡ་སྤྲོད་དབྱངས་ཅན་གྱི་མདོ། སྒྲ་པ་ཎི་པ། ཨ་མཱ་ར་ཀོ་ཥའི་དཀའ་བའི་གནས་ལ་ལེགས་སྦྱར་གྱི་སྐད་ཀྱི་དྲི་མོལ་བགྱིས། དགུང་ལོ་ཉེར་བརྒྱད་ཐོག་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་གི་སྦྱིན་བདག་ཞུས་ཏེ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་གསར་དུ་བཏབ་བཅུ་ཕྲག་རིག་པའི་གནས་ཀྱི་སྡེ་བཙུགས། རྒྱ་ཡི་རྩིས་པ་རྣམས་དང་ཁྱད་པར་དགེ་བསྙེན་ལྷ་དབང་གི་དྲུང་ནས་ནག་རྩིས་དང༌། ས་དཔྱད་སྐོར། རྒྱ་ནག་གི་སྨན་དཔྱད་རྣམས་བསླབས་ནས་དེ་དག་གི་ཡིག་ཆ་བོད་སྐད་དུ་བསྒྱུར་ཞིང་། གསོ་རིག་རྒྱུད་བཞི་དང་། གཡུ་ཐོག་སྙིང་ཐིག མན་ངག་བྱེ་བ་རིང་བསྲེལ། གདམས་ངག་བཀའ་རྒྱ་མ། བཻ་སྔོན། ཤེལ་གོང་ཕྲེང་། སྨན་བསྡུས་ཨེ་ཝམ་སོགས་ཤིང་པར་དུ་བཞེངས་པར་ཞུ་དག་གནངས། གསོ་བ་རིག་པའི་ཐད་ལ་སྔ་ཕྱིར་ཀརྨ་ཆོས་དབང་དང་། དགེ་སློབ་དཔལ་གྲུབ། སྒར་འོག་པ་ཀརྨ་བསྟན་འཕེལ་དང་། དེའུ་དམར་བསྟན་འཛིན་ཕུན་ཚོགས། སྔགས་གྲང་ཨེམ་ཆི་ཀརྨ་བསམ་འགྲུབ། དཔོན་ཚང་ཡེ་ཤེས། འཕགས་ཡུལ་ནུབ་ཕྱོགས་ཕྲེང་གེའི་སྨན་པ་ཨེ་ཏྲོ་སེ། འཇང་ཇ་ཀོ་ལེགས་མཛད་སོགས་རྒྱ་དཀར་ནག་གི་སྨན་པ་མཁས་པ་རྣམས་ལས་ཀྱང་གསོ་རིག་གཞུང་ལུགས་དང་། ལག་ལེན་དམར་ཁྲིད། ཡན་ལག་བརྒྱད་པའི་སྨན་ངོ་། སྨན་སྦྱོར་མང་དུ་གསན་པ་མ་ཟད། རྒྱ་དཀར་ནག་དང་། བལ་བོ། སིང་ག་ལ་སོགས་སུའང་གྲངས་མང་ཕེབས་ནས་ཡུལ་སོ་སོར་འབྱུང་བའི་སྨན་རྫས་རྣམས་ལ་དག་ཐེར་མཛད་ནས། གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ་སྟེ་གསོ་རིག་འཆད་ཉན་ཀྱི་བཤད་སྲོལ་མཆོག་ཏུ་སྤེལ་བས་ཤར་སྤུངས་པའི་སྨན་གྲྭ་ཞེས་གང་སར་གྲགས། རིག་གནས་སྤྱིའི་སློབ་མ་ལ་ཀརྨ་སྐུ་ཕྲེང་བཅུ་གསུམ་པ་དང༌། ཞྭ་དམར་སྐུ་ཕྲེང་བཅུ་པ། རྗེ་དཔའ་བོ་རིན་པོ་ཆེ། འབྲི་གུང་ཞབས་དྲུང་བགྲེས་གཞོན་གཉིས། འབྲུག་པ་ཐམས་ཅད་མཁྱེན་པ། ཡོངས་འཛིན་རིན་པོ་ཆེ། ཁམས་པ་སྤྲུལ་པའི་སྐུ་སྟེ་འབྲུག་པ་ཡབ་སྲས་རྣམས། ཟུར་མང་སྤྲུལ་པའི་སྐུ་རྣམས། ཁྲ་ལེབ་དང་དམ་ཚིག་སྤྲུལ་སྐུ་སོགས་དྭགས་བརྒྱུད་ཀྱི་བླ་མ་རྣམས། ཞབས་དྲུང་མདོ་མཁར་བ། སྡེ་དགེ་དབོན་སྐལ་བཟང༌། བལ་པོ་རཏྣ་མུ་ནེ། འཇང་དགེ་བསྙེན་ལྷ་དབང༌། ཇ་སྒོ་ལེགས་མཛད་དང་། གསུང་གི་ལེགས་བཤད་ཀྱི་སྲོལ་འཛིན་པའི་ཚོགས་ནི་སྒོ་མང་སྤྲུལ་པའི་སྐུ་འཇམ་དབྱངས་བཞད་པ་དང་། ཆབ་མདོ་ཞི་བ་ལྷའི་སྤྲུལ་པའི་སྐུ། སྤུངས་ཐང་མཁན་ཆེན། རི་བོ་ཆེའི་རྗེ་དྲུང་སྤྲུལ་པའི་སྐུ་སོགས། གསོ་དཔྱད་བསྟན་འཛིན་གྱི་སློབ་མ་ལ་བོད་རྒྱ་འཇང་སོགས་མང་དུ་བྱུང་བ་ལས་གཙོ་བོར་འབེ་ལོ་ཚེ་དབང་ཀུན་ཁྱབ་དང་། དབོན་བསམ་གཏན། གཅུང་ཚབ་ཚ་སྤྲུལ་པའི་སྐུ་ཀརྨ་ངེས་ལེགས་བསྟན་འཛིན། ཚེ་བྷྲུམ་དོན་ལྡན། སྨར་ཁམས་པ་ཚུལ་ཁྲིམས། སྡེ་དགེའི་དྲུང་ཡིག་གུ་རུ་འཕེལ། གླིང་སྨན་བཀྲ་ཤིས་འབུམ་སོགས་བསྐྱངས་ཤིང་། བརྩམས་ཆོས་ལ་མདོ་སྔགས་རིག་གནས་ཀུན་ལ་ཁྱབ་པའི་བཀའ་རྩོམ་དང་སྒྱུར་རྩོམ་པོད་ཆེན་བཅོ་བརྒྱད་དང་། སྨན་དཔྱད་སྐོར་ལ་མིག་འབྱེད་ལག་ལེན། རྒྱ་ནག་ལུགས་ཀྱི་རྩ་བརྟག་ཚུལ་དང་། འབྲུམ་བཅོས། དངུལ་ཆུ་བཙོ་བཀྲུའི་ལག་ལེན་བསྟར་ཚུལ་གྱི་ཟིན་བྲིས་སོགས་མཛད་ནས། དགུང་ལོ་དོན་བཞི་པ་རབ་བྱུང་གསུམ་པའི་ཤིང་རྟ་སྟེ་སྤྱི་ལོ་༡༧༧༤ལོར་དགོངས་པ་ཆོས་དབྱིངས་སུ་གཤེགས།

གོང་ངོས། ཨེ་ཏྲོ་སེ།
X