//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ཟས་སྐོམ་གྱིས་ཚེ་བསྲིང་། > ནང་དོན།

བྱིས་པའི་ཟས་སྐོམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-13 15:44:36 ཀློག་གྲངས། 101 

བོད་ཀྱི་གསོ་བ་རིག་པའི་གཞུང་ལས། སྨན་ལ་འཇམ་རྩུབ་ཟས་ལ་ཕན་གནོད་གཉིས།། ཞེས་གསུངས་པ་ལྟར་གཤམ་དུ་བྱིས་པ་སྐྱེ་བ་ནས་ན་ཚོད་ཆེར་མ་སྨིན་པའམ་ཡང་ན་སེམས་སྟོབས་མ་རྫོགས་བར་གྱི་བྱིས་པ་ལ་ཟས་སྐོམ་གྱི་སྒོ་ནས་ནད་མེད་ཚེ་བསྲིང་ཡོང་ཐབས་ལ་མདོར་ཙམ་གླེང་ཡོད།

དང་པོ། བྱིས་པར་ནུ་ཞོ་རྟེན་དུས་ཟས་བསྟེན་རུང་མིན་བསྟན་པ།

བསྟེན་རུང་བའི་ཟས། བྱིས་པ་ནུ་ཞོ་འཐུང་བ་ལ་ནི་ཤིང་པི་ཡ་ལའི་རྐང་དང་མ་དུ་ཀའི་མེ་ཏོག་དང་ སྦྲང་རྩི་དང་འབྲས་ཡོས་དང་ ཁ་ར་དཀར་པོ་དང་འདི་རྣམས་ལ་ནན་ཏུར་བྱས་ཏེ་བྱིས་པ་ལ་བྱིན་པའམ་ཡང་ན་ནུ་ཞོ་སྟེར་མཁན་ཨ་མས་ཀྱང་བསྟེན་ན་བྱིས་པ་ཚིམ་ཞིང་ཉམས་སྟོབས་སྐྱེད་དོ།། ད་དུང་བྱིས་པའི་ལུས་ཟུངས་གསོ་ཞིང་སྐྱེད་སྲིང་བའི་ཟས་སུ་བུར་དཀར་དང་སྦྲང་དཀར་ཞུམ་མར་བཅས་རྒྱུན་དུ་བསྟེན་པར་བྱ་ཞིང་ བྱིས་པ་ཤ་ཤིན་ཏུ་སྙི་ལ་སླ་བས་ཕན་ཚུན་འཕྱོ་བ་ལྟ་བུར་བྱེད་པ་དེ་དུས་ཤ་ནད་ཅེས་བྱ་བ་འབྱུང་སླ་བས་སྐབས་སྐབས་སུ་ལུག་གམ་གཡག་ཤ་ཚོད་མར་སྦྱར་བ་བྱིན་པས་ཤ་ནད་སེལ་བར་བྱེད

བསྟེན་མི་རུང་བའི་ཟས། ནུ་ཞོ་སྟེར་མཁན་གྱི་ཨ་མས་ཤ་མར་རྙིང་བ་དང་རུལ་སུངས་སྔོ་ངད་ཀྱི་རིགས། ད་དུང་ཟས་རིགས་ཚ་བ་དང་བསིལ་བ་ཤས་ཆེ་བའི་རིགས་བསྟེན་མི་རུང་བ་དང་། ལྷག་པར་དུ་རྫས་རིགས་ཀྱིས་བསླད་པའི་ཟས་རིགས་དང་ཡང་ན་ཟས་ལྷག་གྲང་མོ་སོགས་མི་འཕྲོད་པའི་རིགས་མཐའ་དག་སྤང་དགོས་ལ་དེ་བཞིན་དུ་བྱིས་པའི་ན་ཚོད་ཆེར་མ་སོན་བར་དུ་ས་ཆ་གཞན་ནམ་ཡང་ན་དུད་ཚང་གཞན་ནས་ཡོང་བས་ཟས་རིགས་བསྟེན་མི་རུང་།

གཉིས་པ། བྱིས་པར་ཁ་ཟས་རྟེན་དུས་ཟས་བསྟེན་རུང་མིན་བསྟན་པ།

བསྟེན་རུང་བའི་ཟས། བོད་ཀྱི་དམངས་སྲོལ་རིག་གནས་ལས། སླ་ང་གཙང་མ་ཞིག་གི་ནང་འབྲི་མར་ཏོག་ཙམ་དང་གྲོ་ཕྱེ་བྲེ་ཕྱེད་ཅིག་བླུགས་ནས་ཕྱེ་མདོག་སེར་ཙམ་འགྱུར་རག་ཏུ་བརྔོས་ཏེ་ཚོས་རྗེས་སྣོད་དུ་བླངས་ལ་གྲང་དུ་འཇུག་དགོས། དེ་ནས་ཆུ་གཙང་ཕོར་ཕྱེད་ཀྱི་ནང་འོ་མ་ཕོར་ཕྱེད་དང་ཟར་སྣུམ་ཁྱེམ་བུ་གང་དོ་ཞིག་བླུགས་ཏེ་གོང་གི་གྲོ་ཕྱེ་ཉུང་ངུ་ཞིག་བཏབ་ནས་མེ་སྟེང་དུ་ཚོས་རག་བར་དུ་དཀྲུགས་ནས་མ་ཚིག་པར་བྱེད་རྒྱུ་ནི་བྱིས་པའི་བདེ་ཐང་གི་འོ་ཉོག་བཟོ་ཐབས་གལ་ཆེ་བ་ཞིག་ཡིན དེ་བཞིན་བྱིས་པ་དེ་ཟླ་གསུམ་ནས་ལོ་གསུམ་མ་ལོན་བར་དུ་གོང་གི་འོ་ཉོག་དེ་རྒྱུན་དུ་བསྟེན་ན་བྱིས་པའི་ལུས་ཟུངས་རྒྱས་ལ་འཚོ་བཅུད་འདང་བ་མ་ཟད། ལུས་ཁམས་རྒྱུན་ལྡན་གྱིས་འཚར་ལོངས་འབྱུང་བ་བཅས་ཀྱི་དགེ་མཚན་མང་པོ་ཡོད།

བསྟེན་མི་རུང་བའི་ཟས། བོད་ཀྱི་དམངས་སྲོལ་རིག་གནས་ལས། བྱིས་པ་ཆུང་ཆུང་ལ་རབ་ཡིན་ན་མི་ལག་བརྒྱུད་པའི་ཟས་རིགས་ལ་ཧ་ཅང་འཛེམ་དགོས་པ་མ་ཟད་ས་ཐག་རིང་པོ་ནས་ཐོན་པའི་ཟས་རིགས་དང་ལྷག་ཏུ་མི་གཙང་གྲིབ་ཅན་གྱི་ལག་ཏུ་བརྒྱུད་པའི་ཟས་རིགས་གཏན་ནས་བསྟེན་མི་རུང་། དེ་བཞིན་དུ་གསོ་བ་རིག་པ་ལྟར་ནའང་བྱིས་པ་ལ་ཟས་མཁྲེགས་པོ་དང་རུལ་སུངས་སྔོ་ངད་ཀྱི་རིགས། ལྷག་ཏུ་རྫས་འགྱུར་གྱིས་བསླད་པའི་ཟས་རིགས་དང་ཡང་ན་ཟས་ལྷག་གྲང་མོའམ་རྗེན་པ་སོགས་མི་འཕྲོད་པའི་ཟས་རིགས་མི་བསྟེན་པར་གལ་ཆེ་བ་གསུངས་ཡོད།

གསུམ་པ། བྱིར་པར་ནུ་ཞོ་རྟེན་དུས་སྐོམ་བསྟེན་རུང་མིན་བསྟན་པ།

བསྟེན་རུང་བའི་སྐོམ། དེ་ཡང་བྱིས་པ་ལ་མ་ཡི་ནུ་ཞོ་བསྣུན་པར་བྱ་དགོས་ལ་གལ་ཏེ་མ་ཡི་ནུ་ཞོ་ནི་ནད་ལ་སོགས་ཀྱི་དབང་གིས་སྐམས་པར་གྱུར་ན་གཞན་བུད་མེད་རིགས་བཟང་ལ་ནད་མེད་ཅིང་སྤྱིར་འབྱུང་བ་མཐུན་པ་དང་ཁྱད་པར་དུ་བུ་དེའི་སྲོག་སྐྱོབ་པའི་མའི་ཁམས་དང་ལྡན་པ་བུ་བཙས་པ་མ་ཤི་བར་བདེ་བར་གནས་ཤིང་ནུ་ཞོ་དང་ལྡན་པའི་མའི་ནུ་མ་བླུད་ལ ཞོར་དུ་ཆུ་བསྐོལ་དྲོད་འཇམ་ཉུང་ངུ་རེ་བྱིས་པའི་ཁ་ནང་དུ་ཡང་ཡང་གཏིག་དགོས། མདོར་ན་མའི་ནུ་ཞོ་རྐྱང་བས་བྱིས་པ་ཟླ་དྲུག་ནས་ཟླ་བརྒྱད་ཀྱི་བར་དུ་གསོ་བར་བསྔགས་པ་ནི་སྐོམ་གྱི་མཆོག་ཡིན་ནོ།།

༢ བསྟེན་མི་རུང་བའི་སྐོམ།   སྐབས་འདིར་གཙོ་བོ་ནུ་ཞོ་སྟེར་མཁན་གྱི་ཨ་མས་གང་འདོད་དུ་ཨ་རག་དང་སྐོམ་ཆུ་སྣ་ཚོགས་འཐུང་མི་རུང་། ཁྱད་པར་དུ་ལྷད་འདྲེས་པའི་འོ་མ་དང་ཆུ་རུལ་སོགས་བྱིས་པའི་ལུས་ཁམས་ལ་གནོད་པའི་སྐོམ་རིགས་གཏན་ནས་བསྟེན་མི་རུང་ངོ་།།

བཞི་པ། བྱིས་པར་ཁ་ཟས་རྟེན་དུས་སྐོམ་བསྟེན་རུང་མིན་བསྟན་པ།

བསྟེན་རུང་བའི་སྐོམ།  བྱིས་པར་མ་ཡི་ནུ་ཞོ་འབྲལ་བ་ནས་བཟུང་འོ་མའི་རིགས་ལེགས་བྱས་ཤིག་བདམ་ནས་བྱིས་པའི་ལུས་ཁམས་ཀྱི་འཚོ་བཅུད་འདང་བར་བྱ་རྒྱུ་དང་བྱིས་པའི་འཚར་སྐྱེས་ལ་བགེགས་མི་ཡོང་བར་བྱདགོསའོ་རིགས་ནི་དེང་དུས་རྫས་འགྱུར་གྱིས་བསླད་པའི་འོ་མ་སྣ་ཚོགས་དང་ཡང་ན་ར་འོ་དང་ལུག་འོ་སོགས་མ་ཡིན་པར་རབ་ཡིན་ན་བ་འབྲི་མཛོ་གསུམ་གྱི་འོ་མ་གང་རུང་ཞིག་གསར་བ་གསར་རྐྱང་ཡིན་དགོས་པ་མ་ཟད་ངེས་པར་དུ་འོ་མ་དེ་ཉིན་གཅིག་ལ་འདང་ཚོད་ཅིག་བསྐོལ་དགོས་ལ། ཉིན་རེར་ཐེངས་དུ་མར་བྱིས་པར་བསྣུན་སྐབས་འོ་མ་འོས་འཚམ་ཞིག་གི་ནང་དུ་ཆུ་བསྐོལ་ཅུང་ཙམ་རེ་བསྲེས་ནས་བསྟེན་ན་ཤིན་ཏུ་བཟང་།  དེར་མཚུངས་སུ་ནམ་རྒྱུན་དུ་བྱིས་པའི་སྐོམ་དུ་ཆུ་བསྐོལ་གྲངས་སམ་ཡང་ན་ཆུ་བསྐོལ་གྲང་དྲོ་བར་མ་དེ་ཡང་ཡང་དུ་བསྟེན་རྒྱུ་ནི་གལ་ཆེ། འོན་ཀྱང་དོ་སྣང་བྱེད་དགོས་པ་ནི་ཉིན་རེའི་འོ་མ་དང་ཆུ་བསྐོལ་ནི་ཉིན་དེར་བསྟེན་དགོས་པ་མ་ཟད་ལྷག་མ་ནི་ཕྱི་ཉིན་མི་བསྟེན་པ་གལ་ཆེའོ། །

བསྟེན་མི་རུང་བའི་སྐོམ། སེམས་སྟོབས་མ་རྫོགས་པའི་བྱིས་པ་ལ་ཕ་མའི་བྱམས་སྐྱོང་དང་མཛུབ་ཁྲིད་འོག་སྐོམ་རིགས་བསྟེན་མི་རུང་བ་སྔོན་འགོག་བྱེད་དགོས་པ་མ་ཟད་ལྷག་པར་དུ་ཆང་སོགས་རོ་ཚ་སྐྱུར་གྱི་སྐོམ་རིགས་འཐུང་གི་འཇོག་མི་རུང་བ་དང་དེ་བཞིན་དུ་བྱིས་པ་རང་ངོས་ནས་སྐོམ་རིགས་བསྟེན་པའི་ནུས་པ་ཡོད་དུས་ཆུ་རྗེན་མི་འཐུང་བ་དང་ཡང་ན་འབགས་བཙོག་ཅན་གྱི་སྐོམ་ཆུ་སོགས་ལུས་ཁམས་འཚར་སྐྱེས་དང་བདེ་ཐང་ལ་གནོད་པའི་སྐོམ་རིགས་མི་བསྟེན་པའི་འདུ་ཤེས་ཡག་པོ་ཞིག་སྔ་མོ་ནས་བྱིས་པ་ལ་གོམས་ལོབས་ཡོད་པར་བྱ་དགོས་སོ།།


གོང་ངོས། སྤྱི་བཤད།
གསར་ཤོས་འོས་སྦྱོར།
  • ཡིག་ཆ་མི་འདུག
X