//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-11 9:08:02 ཀློག་གྲངས། 44 

ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ནི་རབ་བྱུང་བཅུ་བཞི་པའི་ཆུ་བྱ་སྤྱི་ལོ་༡༨༡༣ལོའི་ཟླ་བཅུ་པའི་ཚེས་བཅུ་ཉིན་ལ་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་གནས་མཆོག་པདྨ་ལྷ་རྩེའི་མདུན་རོལ་དུ་ཡབ་ཁྱུང་པོ་བླ་མ་གཡུང་དྲུང་བསྟན་འཛིན་དང་ཡུམ་བཀྲ་ཤིས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་སོན་པའི་དུས་སུ་སྨན་གཞུང་རྒྱུད་བཞི་བློ་འཛིན་དང་། ཀརྨ་ཕུན་ཚོགས་ལས་ལྡུམ་བུ་ངོ་སྤྲོད་མཛད། ཀརྨ་ངེས་དོན་གྱིས་ཆེད་བསྐུལ་ལྟར་མདོ་རྒྱུད་དགོངས་འགྲེལ་མཐའ་ཡས་པར་མཁྱེན་པའི་ཡེ་ཤེས་མངོན་དུ་འགྱུར་ཕྱིར་པཎ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་། དཔལ་སྤུངས་སི་ཏུ་པདྨ་ཉིན་བྱེད་དབང་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ལྔ་བཅུ་ཙམ་གྱི་ཞབས་ལ་གཏུགས་པ་དང་། སྨན་དཔྱད་སྐོར་ཀརྨ་ཚེ་དབང་རབ་བརྟན་ལས་གསན་པ་བཅས་ཀྱིས་ཐ་སྙད་རིག་པའི་གནས་ཡན་ལག་དང་བཅས་པ་དང་། མདོ་རྒྱུད་བསྟན་བཅོས་མཐའ་དག་ལ་མཁྱེན་པའི་ཐུགས་ཀྱིས་དགོངས་པ་དང་། བརྩེ་བའི་སྤྱན་གྱིས་གཟིགས་ཏེ་ལུང་རིགས་དཔྱད་པ་གསུམ་གྱི་སྒོ་ནས་གསུང་རྩོམ་པོ་ཏི་དགུ་བཅུ་ཙམ་སྐལ་ལྡན་རྗེས་སུ་བཟུང་ཕྱིར་བཀའ་དྲིན་བསྩལ། དེའི་ནང་ནས་ཐུན་མོང་རིག་གནས་དགུ་དང་། ཐུན་མིན་ནང་རིག་པའི་གནད་རྣམས་ཚང་ལ་མ་ནོར་བ་སྟོན་པ་ཤེས་བྱ་མཛོད་ཅེས་པ་འདི་ཉིད་ཡིན་ཞིང་། དེའི་ནང་ཚན་བཞི་པ་རིག་གནས་ཞར་བྱུང་དང་བཅས་པའི་བྱུང་བ་བརྗོད་པའི་ནང་གསོ་རིག་གི་ལོ་རྒྱུས་སྐོར་ལ། ཐོག་མར་སུ་ཞིག་གིས་དྲན་ཞིང་གང་ལས་བརྒྱུད་པ་དང་། བར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ། ཐ་མར་རྒྱ་བོད་དུ་ཇི་ལྟར་དར་ཚུལ་གསུམ་ལ་བསྡུས་ནས་ཁོག་ཕུག་པར་མཛད། ལྷག་པར་གསོ་རིག་རྒྱུད་བཞིའི་བྱུང་ཚུལ་སྐོར་ལ། རྒྱུན་སྲོལ་ཀུན་འདུས་གཡུ་ཐོག་སྨན་གྱི་བླར།། དཔལ་ལྡན་ཕྲེང་བས་གསང་མཛོད་དངོས་སུ་བསྩལ།། ཡུལ་ཀུན་གདམས་པའི་བཅུད་བླངས་རྒྱུད་ཆེ་ཆུང་།། ཐུན་མོང་ཁྱད་པར་ཆོས་འཁོར་བསྐོར་བ་ལས།། ཞེས་པའི་འགྲེལ་པར་ཡན་ལག་བརྒྱད་པའི་བཤད་རྒྱུན་གྱི་སྲོལ་ཀ་ཡོངས་སུ་རྫོགས་པ་གཡུ་ཐོག་པ་ཡོན་ཏན་མགོན་པོ་ལ་འདུས་ཤིང་བབས་ཏེ་བོད་ཀྱི་གསོ་རིག་རྒྱུད་བཞི་གཡུ་ཐོག་རང་གིས་མཛད་པར་བཞེད། དེ་མིན་རིན་ཆེན་གཏེར་མཛོད་ཅེས་པ་གཏེར་སྟོན་སངས་རྒྱས་བླ་མ་གླིང་པ་ནས་གླིང་པ་བཅུ་གཉིས་གཙོ་བོར་གྱུར་པའི་གཏེར་ཆེན་གཏེར་ཕྲན་རྣམས་དང་། དུས་ཕྱིས་ཀྱི་གཏེར་ཆེན་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། མཆོག་གྱུར་བདེ་ཆེན་གླིང་པའི་བར་བཅས་གཏེར་སྟོན་ཉིས་བརྒྱར་ཉེ་བའི་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་གཅིག་ཏུ་དྲིལ་བ་པོ་ཏི་དྲུག་ཅུ་ལྷག་ཙམ་ཡོད་པ་དེའི་ནང་། གཉན་རིམས་སྣ་ཚོགས་སྔོན་འགོག་དང་། བཅོས་ཐབས་རྣམ་གྲངས་མང་ཞིང་ཕན་པ་ཆེ་བ་མང་པོ་དང་། དམུ་ཆུའི་བཅོས་ཐབས། མཛེ་ནད་བཅོས་ཐབས་སོགས་ཀྱང་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པའི་སྨན་དཔྱད་སྐོར་ཤིན་ཏུ་རྒྱ་ཆེ་བ་རྣམས་སྔ་ཕྱིར་ཁམས་ཕྱོགས་སྡེ་དགེ་དང་། མཚུར་ཕུ་དགོན་དུ་ཤིང་པར་བརྐོས་ནས་དར་ཁྱབ་ཅི་ཆེར་བྱུང་བ་དང་། ཕྱི་རབས་ཀྱི་སྨན་པ་རྣམས་ལ་སློབ་དཔོན་གོང་མ་རིམ་བྱོན་དང་། རང་གི་མྱོང་བྱང་མན་ངག་ཕྱོགས་བསྒྲིགས་མཛད་ནས། ཟིན་ཏིག་གཅེས་བསྡུས་བདུད་རྩིའི་ཐིགས་པ་ཞེས་པ་ཁྱབ་སྤེལ་དང་འབྲེལ། རིག་པ་དཔེ་ཐོག་ལུས་པས་ལག་ལེན་དཀའ།། མ་སྦྱངས་སྨན་རྐྱལ་ཐོགས་པས་ནད་པ་བསླུ།། ཟང་ཟིང་དོན་གཉེར་སྨན་པའི་མིང་འཛིན་ལ།། འདི་འདྲས་དོན་དུ་འགྱུར་སྙམ་འབད་པས་འགོད།། ཅེས་པའི་ཞལ་གདམས་སྙིང་གི་ནོར་བུ་འདྲ་བ་གསུངས་ནས་ཀོང་སྤྲུལ་ཟིན་ཏིག་ཅེས་པ་འདི་བོད་ཁམས་སྟོད་སྨད་བར་གསུམ་དུ་ཁྱབ་གདལ་བྱས་ཏེ་བེད་སྤྱོད་ཤུགས་ཆེན་བྱས། ཁོང་གིས་དཔལ་སྤུངས་ཆོས་འཁོར་གླིང་དུ་བཤད་གྲྭའི་གཙོ་སྐྱོང་མཛད་སྐབས་དང་། དེ་མིན་ཟབ་རྒྱས་གསུང་གི་བདུད་རྩིའི་དཔལ་ལ་ལོངས་སྤྱོད་པའི་ཐུགས་སྲས་དུ་མའི་ནང་ནས་གཙོ་ཆེ་བ་ནི་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་། བཅོ་ལྔ་པ། འཇམ་དབྱངས་བློ་གཏེར་དབང་པོ། མི་ཕམ་རྣམ་རྒྱལ་རྒྱ་མཚོ། བྲག་ཡབ་གདོང་སྤྲུལ་ངག་དབང་དམ་ཆོས་རྒྱ་མཚོ། ངག་དབང་ཆོས་གྲགས་རྒྱ་མཚོ། ལྷག་བསམ་བསྟན་པའི་རྒྱལ་མཚན། བཀྲ་ཤིས་ཆོས་འཕེལ། སྨན་དཔྱད་འགྲོ་དོན་ཤིན་ཏུ་ཆེ་བ་ཀུ་སེ་གསེར་ལྗང་ཞབས་དྲུང་སྤྲུལ་སྐུ་སོགས་ཀྱི་གྲུབ་མཐའ་རིས་མེད་དུ་སྐྱོང་བ་དང་། ལྷག་པར་གསོ་དཔྱད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་དར་རྒྱས་སུ་མཛད་དེ་མཐར་དགུང་གྲངས་བརྒྱད་ཅུ་གྱ་བདུན་ལྕགས་བྱི་སྟེ་སྤྱི་ལོ་༡༩༠༠ལོར་སྐུ་ཚེ་དེའི་གཞན་ཕན་གྱི་མཛད་པ་རེ་ཞིག་རྫོགས་ནས་སྐུའི་སྤྲོས་པ་བསྡུས་སོ།།

X