//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

འཇམ་དབྱངས་མཁྱེན་བརྩེའི་དབང་བོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-11 10:17:56 ཀློག་གྲངས། 24 

འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་སྟེ་སྤྱི་ལོ་༡༨༢༠ལོའི་ཟླ་དྲུག་པའི་ཚེས་དྲུག་ལ་མདོ་ཁམས་སྡེ་དགེ་གཏེར་ཀླུང་དིལ་མགོའི་གྲོང་གི་དབྱར་རུ་ཁྱུང་ཆེན་བྲག་ཉེ་འདབས་སུ་ཡབ་རིན་ཆེན་རྣམ་རྒྱལ་དང་ཡུམ་བསོད་ནམས་མཚོའི་སྲས་སུ་སྐུ་འཁྲུངས། མཚན་གཞན་ལ་རྫོང་གསར་མཁྱེན་བརྩེ་དང་། དིལ་མགོ་མཁྱེན་བརྩེ། པདྨ་གསལ་མདོ་སྔགས་གླིང་པ་ཞེས་སོགས་སུ་འབོད། དགུང་ལོ་བཅུ་གཉིས་ཐོག་ཨེ་ཝཾ་ཐར་པ་རྩེའི་མཁན་ཆེན་བྱམས་པ་ནམ་མཁའ་འཆི་མེད་ཀྱི་ཡང་སྲིད་དུ་ངོས་བཟུང་ནས་མཚན་ལ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་གཅིག་པར་སྨིན་གླིང་མཁན་ཆེན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། སྨིན་གླིང་ཁྲི་ཆེན་འགྱུར་མེད་སངས་རྒྱས་ཀུན་དགའ་དང་། མ་ཧ་པཎྜི་ཏ་མཐུ་སྟོབས་རྣམ་རྒྱལ་དང་། འཚོ་བྱེད་ཚེ་དབང་། སྡེ་དགེའི་བླ་སྨན་པ་ཆོས་གྲགས་རྒྱ་མཚོ་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དང་། ཁྱད་པར་དུ་གསོ་རིག་རྒྱུད་བཞི་ཆ་ལག་དང་བཅས་པ་གཙོ་བྱས་པའི་སྨན་གཞུང་གྲགས་ཆེ་བའི་བཤད་པ་དང་ལག་ལེན་མན་ངག་རིགས་རྣམས་ཐོབ། དེ་ལ་བརྟེན་ནས་རིན་པོ་ཆེ་དང་། དངུལ་ཆུ་བཙོ་བཀྲུའི་སྦྱོར་བ་སོགས་མྱོང་བ་ཟབ་ཁྱད་ཅན་མང་པོ་ཁྱབ་སྤེལ་གནང་སྟེ། སྡེ་དགེ་དང་། རྫོང་གསར་བཀྲ་ཤིས་ལྷ་རྩེ་གཉིས་ལ་མདོ་སྔགས་རིག་གནས་སྤྱི་དང་འབྲེལ་ནས་གསོ་རིག་འཆད་ཉན་གྱི་བཤད་གྲྭ་བཙུགས་ནས། བརྒྱུད་འཛིན་མཁས་དབང་མང་བོ་བྱོན་པ་ལས་གྲགས་ཆེ་བ་ས་སྐྱའི་ཁྲི་ཆེན་གོང་མ་ཕྱོགས་གླང་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ། རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། སི་ཏུ་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ། འཇམ་དབྱངས་བློ་གྲོས་གཏེར་དབང་པོ་སོགས་བསྐྱངས་ཤིང་། སྒྲ་དང་། སྙན་ངག གསོ་རིག་སོགས་ཀྱི་གསུང་རྩོམ་གླེགས་བམ་ཁྱོན་བཅུ་གསུམ་བཞུགས་ལ། དེའི་ནང་གསོ་རིག་ལ་གསོ་རིག་རྒྱུད་བཞིའི་བསྡུས་དོན་སྙིང་པོ་དང་། སྨན་སྦྱོར་ཉེར་མཁོ་སྣ་ཚོགས། སྨན་གྱི་ངོས་འཛིན་ལས་འཕྲོས་པའི་དོགས་སེལ་ཕྲན་བུ། ཉམས་ཡིག་སྣ་ཚོགས། མན་ངག་ཉེར་མཁོ་སྣ་ཚོགས། སྲོག་རླུང་གི་བཅོས་ཕན་བདེའི་དོ་ཤལ། ཁྲག་རླུང་སྟོད་འཚངས་ཀྱི་བཅོས་ཚུལ་ངོ་མཚར་སྲོག་སྟེར། རྩ་དཀར་གྱི་བཅོས་ཚུལ་སྙིང་བོར་དྲིལ་བ་ཕན་བདེའི་ཕྲེང་བ་སོགས་ཡོད། དགུང་གྲངས་དོན་གསུམ་པ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་སྟེ་སྤྱི་ལོ༡༨༩༢ལོའི་བོད་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

X