//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལྷ་རྗེ་ངོ་སྤྲོད། > དགའ་ལྡན་ཕོ་བྲང་དུས་ཀྱི་ལྷ་རྗེ། > ནང་དོན།

མཁྱེན་རབ་ནོར་བུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-05-12 9:23:40 ཀློག་གྲངས། 66 

མཁས་དབང་མཁྱེན་རབ་ནོར་བུ་ནི་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་སྤྱི་ལོ་༡༨༨༣ལོར་ལྷོ་ཁ་རྩེད་ཐང་བྱ་ས་ལྷ་ཁང་གི་ཉེ་འདབས་ཁུལ་དུ་ཡབ་རྩིས་རིག་སྨྲ་བ་ཀྲང་མགོ་ལེབ་བམ་རྩིས་པ་རྔ་བོ་ཆེ་དང་། ཡུམ་དབྱངས་ཅན་ གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བཙས་པའི་དུས་སུ་ཡབ་ཀྱིས་སྐྱེས་སྐར་བརྟག་པའི་རྩིས་འབྲས་ལ་སྐྱེ་རྟགས་སྐར་མ་སྤྱི་བོར་སོང་བ་སོགས་ཀྱི་མཚན་རྟགས་ཤིན་ཏུ་བཟང་པོ་ཐོབ་ལ། སྐུ་ན་སོན་ནས་ལྷོ་ཁ་རྩེད་ཐང་ལྔ་མཆོད་གྲྭ་ཚང་དུ་སློབ་གཉེར་སྣང་དུས་མཁྱེན་དཔྱོད་ཕུན་སུམ་ཚོགས་པ་དང་། བྱམས་པའི་སྙིང་རྗེའི་རང་རྟགས་འགོག་མེད་དུ་གསལ་བ་སོགས་ཀྱིས་སྐྱེས་བོ་རང་ག་བ་ཞིག་མིན་པའི་ཁྱད་པར་མངོན། རིང་པོ་མ་ཐོགས་པར་དམ་པ་དེ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་གསོ་རིག་གསན་སྦྱོང་གནང་རྒྱུར་འགྲོ་བའི་བསྐལ་བ་བཟང་བོ་ཐོབ་ལ། ཐོག་མར་ལྕགས་རིའི་སྨན་པ་སེ་ར་སྨན་སྦྱིན་པ་ངག་དབང་ཆོས་ལྡན་གྱི་ཞབས་ལ་གཏུགས་ནས་སྨན་གཞུང་གསན་སྦྱོང་གི་དབུ་ཚུགས། རབ་བྱུང་བཅོ་ལྔ་པའི་མེ་བྱ་སྤྱི་ལོ་༡༨༩༧ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་གསོ་རིག་མི་ཉམས་གོང་འཕེལ་ཡོང་ཕྱིར་བཀྲ་ཤིས་ཁང་གི་དངོས་གཞི་བ་བྱམས་པ་ཐུབ་དབང་དང་། སྟོད་ཤེལ་དཀར་ཆོས་སྡེའི་བྱ་སྦུག་དམ་ཆོས་དཔལ་ལྡན་རྣམ་གཉིས་སོགས་ལ་བོད་ཀྱི་གསོ་རིག་འཆད་ཉན་དར་སྤེལ་གཏོང་དགོས་པའི་བཀའ་བསྒྱུར་ཕེབས་པ་ལྟར་བཀྲས་ཁང་སྤྱི་ཁྱབ་མཁན་པོའི་དྲུང་དུ་དཔལ་ལྡན་རྒྱུད་བཞི་དང་། གཞུང་འགྲེལ་མང་པོའི་ཁྲིད་ལུང་མན་ངག་ལག་ལེན་དང་བཅས་པར་སྦྱང་བརྩོན་དང་། ཞོར་ལྔ་རིག་དབང་པོ་འཚོ་བྱེད་རྡོ་རྗེ་རྒྱལ་མཚན། འབྲས་ལྗོངས་བླ་མ་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་སོགས་ཀྱི་མདུན་ནས་སྨན་རྩིས་དང་། སྒྲ་སྙན་ངག་སུམ་རྟགས་སོགས་གསན་བཞེས་གནང་། དགུང་ལོ་ཉེར་དགུའི་ལོར་འབྲས་སྤུངས་དགོན་གྱི་སྨན་སྦྱིན་པའི་ཐུགས་འགན་བཞེས་ཏེ་འཕྲིན་ལས་ཤིན་ཏུ་རྒྱས་ཤིང་། སྨན་དཔེ་རྩོམ་སྒྲིག་གི་ཕྱག་ལས་དང་། སྨན་གཞུང་ཞིབ་འཇུག་གནང་བའི་འགོ་ཚུགས། རབ་བྱུང་བཅོ་ལྔ་བའི་ཆུ་གླང་སྤྱི་ལོ་༡༩༡༣ལོར་བཤད་སྒྲ་བློན་ཆེན་སིམས་ལའི་ཆིངས་ཡིག་དོན་དུ་རྒྱ་གར་ལ་ཕེབས་སྐབས་དེའི་བླ་སྨན་ལ་བྱོན་ཞིང་། དབྱིན་ཇི་དང་། རྒྱ་གར་བ་སོགས་ཕྱི་རྒྱལ་གྱི་ནད་པ་གསོ་དཀའ་བའི་རིགས་འགའ་ཞིག་ལ་སྨན་བཅོས་ཀྱིས་བདེ་བླག་ཏུ་གསོ་བར་མཛད་ནས་མཁས་པའི་མཚན་སྙན་བཟང་པོས་ཁྱབ་སྟེ་བོད་ལྗོངས་སུ་ཕྱིར་ཕེབས། མེ་འབྲུག་སྤྱི་ལོ་༡༩༡༦ལོར་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་མངའ་རིས་ཀྱི་བདེ་རྩར་དགོངས་ཏེ་བདག་རྐྱེན་ཚད་མེད་ངང་སྨན་རྩིས་སློབ་གྲྭ་གསར་འཛུགས་ཐོག་ལྕགས་རི་འགྲོ་ཕན་གླིང་དང་། སྨན་རྩིས་ཁང་གཉིས་ཀའི་སྤྱི་འདོམས་གཅིག་ལྕོགས་ཀྱི་འགན་བཞེས་མཁྱེན་རབ་ནོར་བུ་མཆོག་ལ་བསྩལ་བ་དེས་སྔོན་དུས་ཡབ་ཀྱིས་སྐྱེས་སྐར་བརྟག་པའི་འབྲས་བུ་ཇི་ལྟ་བ་བཞིན་བྱུང་ཞེས་རྗེས་འཇུག་སློབ་མ་ཚོས་གཏམ་གླེང་བྱེད། དེ་ནས་བཟུང་མཁས་དབང་མཁྱེན་རབ་ནོར་བུའི་མཁས་པའི་སྙན་གྲགས་དང་མཛད་འཕྲིན་བཟང་པོའི་གཏམ་གྱིས་ཕྱོགས་དུས་ཀུན་ཏུ་ཁྱབ་པས་སྔ་ཕྱིར་རྒྱ་ཁྱབ་དགོན་སྡེ་ཁག་དང་། དམག་སྒར་ཁག སྔགས་འཆང་བརྒྱུད་འཛིན་འགའ། དེ་མིན་མཚོ་སྔོན་དང་། རྔ་པ་ཁུལ། དཀར་མཛེས་ཁུལ། ཁམས་ཕྱོགས། ཐ་ན་འབྲུག་པ་དང་། འབྲས་ལྗོངས། ལ་དྭགས། ཁུ་ནུ་བཅས་པའི་སློབ་མ་མང་པོ་འདུས་ལ། སོ་སོར་རང་རང་གདུལ་བྱའི་བློ་དང་འཚམས་པར་གང་ལ་གང་འདུལ་གྱི་མཛད་པ་བཟང་པོས་སློབ་མ་སྐྱོང་བར་བརྟེན་གངས་ཅན་ཡུལ་གྱི་སྨན་རྩིས་བསྟན་པའི་ཤིང་རྟ་ཆེན་པོར་གྱུར། དམ་པ་དེས་སྔ་ཕྱིར་སྨན་གཞུང་ཕྱོགས་སྒྲིག་དང་། གསར་རྩོམ་མང་དག་གནང་བ་རྒྱུད་ཀྱི་ས་བཅད་སྟག་མོའི་རྔམ་ཐབས་དང་། བཤད་རྒྱུད་ཀྱི་སྡོང་འགྲེམས་ཟླ་ཤེལ་ནོར་བུའི་མེ་ལོང་། ཉམས་ཡིག་བསྡུས་འབྲིང་དང་མན་ངག་ལྷན་ཐབས་ནས་བཤད་པའི་ནད་མིང་ཚིགས་སུ་བཅད་པ་རིན་ཆེན་ཕྲེང་བ། ཕྱི་མ་རྒྱུད་ཀྱི་སྤྱི་དོན་བསྡོམས་ཚིག་གཞུང་དོན་སྒོ་བརྒྱ་འབྱེད་པའི་ལྡེ་མིག ཕྱི་རྒྱུད་རྩ་ཆུའི་ལྷན་ཐབས། བྱིས་པའི་ནད་རིགས་བཅོས་པའི་ཉམས་ཡིག ཁྲོག་སྨན་འཁྲུངས་དཔེ་རྒྱས་པ་འཚོ་བྱེད་གཞོན་ནུའི་སྙིང་ནོར་སོགས་སྔ་ཕྱིར་བརྩམས་པར་མཛད། དེ་མིན་སྐར་རྩིས་སྐོར་ལ་ས་རྟ་ལོ་རིགས་ལྡན་སྙིང་ཐིག་གི་རྩིས་མགོ་སྤོ་གནང་དང་། རྒྱ་རྩིས་རིགས་ལྡན་མཆོད་པའི་འོད་སྣང་གི་རྩིས་འགོ་བསྟུང་བ་སོགས་རྗེས་འཇུག་སློབ་མ་རྣམས་ལ་སློབ་ཁྲིད་འཆད་ཉན་བཀའ་དྲིན་བསྐྱངས་རིགས་ད་ལྟའང་མཐོང་བརྒྱུད་ཕྱག་ལེན་ཇི་བཞིན་མ་ཉམས་པར་གནས་ཡོད། དགུང་ལོ་བདུན་ཅུ་དོན་བདུན་རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་༡༩༥༩ལོ་ལ་དམངས་གཙོའི་བཅོས་བསྒྱུར་སྐབས་ཏང་དང་མི་དམངས་སྲིད་གཞུང་གིས་སྨན་རྩིས་ཁང་སྔར་ལས་ལྷག་པའི་ཡར་རྒྱས་གཏོང་རྒྱུར་ཐུགས་འཁུར་བཞེས་པ་དང་ཆབས་ཅིག་མཁས་དབང་མཁྱེན་རབ་ནོར་བུ་མཆོག་ལ་ཡོན་ཀྲང་ངོ་མའི་མཚན་གནས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འདམས་ཐོན་གནང་བ་སོགས་གཟིགས་བསྐྱངས་བླ་མེད་བྱུང་མཐར་དགུང་ལོ་བརྒྱད་ཅུར་ཕེབས་དུས་རབ་རྒྱལ་ཆུ་སྟག་སྤྱི་ལོ་༡༩༦༢ལོའི་སྤྱི་ཟླ་༡༢པའི་ཚེས་༢༤བོད་ཟླ་༡༠པའི་ཚེས་༢༨ཉིན་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས། སྐྱེས་ཆེན་འདིར་དངོས་སློབ་དང་ཡང་སློབ་སྟོང་ཕྲག་ལྷག་ཙམ་བྱུང་བའི་ནང་ནས་སྨན་རྩིས་དགེ་རྒན་གནང་མཁན་རིམ་བྱོན་ལྟར་བྱས་ན། ཟུང་མཁར་མདོ་སྔགས་གླིང་གི་སྨན་དགེ་བློ་བཟང་ཐབས་མཁས་དང་། ལྷོ་ཁ་བདེ་ཆེན་ཆོས་འཁོར་གྱི་རྩིས་དགེ་འཇམ་དཔལ་མཐུ་སྟོབས། རྩེད་ཐང་དགའ་ལྡན་ཆོས་འཁོར་གྱི་སྨན་རྩིས་གཉིས་ལྡན་དགེ་རྒན་དཔལ་ལྡན། ལྷོ་ཁ་སྨིན་གྲོལ་གླིང་གི་སྨན་དགེ་ཐུབ་བསྟན་དཔལ་འབར་དང་། འཇམ་དཔལ། ལྷོ་ཁ་དོལ་གསུང་རབ་གླིང་གི་སྨན་དགེ་ཐུབ་བསྟན། ཡར་འབྲོག་བསམ་སྡིངས་དགོན་གྱི་སྨན་དགེ་རྣམ་གྲོལ་ཆོས་དབང་། རྡོ་བྲག་ཨེ་ཝཾ་ལྕོག་སྒར་གྱི་རྩིས་དགེ་བྱམས་པ། སྙེ་མོ་རྒྱལ་བྱེད་དགོན་གྱི་རྩིས་དགེ་བློ་བཟང་མཁས་མཆོག དྭགས་པོ་བམ་རིམ་ཆོས་སྡེའི་སྨན་དགེ་བསྟན་འཛིན་སོགས་མང་དག་ཅིག་བྱུང་བ་རྣམས་ཀྱིས་སློབ་དཔོན་མཁྱེན་རབ་ནོར་བུའི་མཐོང་བརྒྱུད་ལག་ལེན་ཇི་ལྟ་བ་བཞིན་སྨན་རྩིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་འགྲོ་དོན་རྒྱ་ཆེར་སྤེལ་བཞིན་ཡོད་དོ།།

X