//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ལུས་སྦྱོང་གིས་ཚེ་བསྲིང་། > ནང་དོན།

བྱིས་པའི་སྤྱོད་ལམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-14 16:23:39 ཀློག་གྲངས། 21 

དང་པོ། བྱིས་པའི་སྤྱོད་ལམ་གྱི་ལེགས་ཉེས་བསྟན་པ།

༡ བྱིས་པ་ནུ་ཞོ་རྟེན་དུས་ཀྱི་སྤྱོད་ལམ། བྱིས་པ་མལ་དུ་ཉལ་བའི་སྐབས་སོགས་གང་དུའང་མིག་ལ་སྐྱོན་མི་འབྱུང་བའི་ཕྱིར་ཉི་མའི་འོད་ཟེར་ཕོག་ཏུ་མི་འཇུག་པ་དང་ རྐང་མཐིལ་དང་མཚོགས་མ་མེ་ཉིས་བསྲེགས་ན་མིག་མི་གསལ་བར་འགྱུར་ཉེན་ཆེ་བས་དེ་གཉིས་མི་བསྲེག་ལ གྲང་ལྷག་གིས་གདུངས་ན་རྣ་བ་འགག་པའམ་དབང་བོ་མི་གསལ་བར་འགྱུར་བ་དང་ཡང་ན་གྲང་བའི་འཁྲུ་ནད་སོགས་ཀྱང་སྐྱེད་སྲིད་པས་གྲང་དུ་མི་གཞུག་གོ ཡོན་པོར་བཟུང་བ་དང་བསླང་བ་སྔས་ཞེས་བྱིས་པ་བཙས་ནས་ཟླ་བ་དྲུག་ཙམ་འགྲོ་དུས་རང་ཤུགས་ཀྱིས་ཙོག་པུར་སྡོད་ཐུབ་པས་དུས་དེ་ཡི་སྔོན་དུ་གྱེན་དུ་བསླང་བ་སྔ་དྲགས་ན་མཆིན་པ་འབབ་པར་འགྱུར་བས་ཡོན་པོར་མི་བཟུང་ཞིང་བསླ་བ་སྔས་པའང་མིན ཐང་ཐབ་ཀྱི་ཉེ་འཁོར་ལྟ་བུ་དང་ཆུ་འགྲམ་ལྟ་བུའི་མེ་ཆུའི་འཇིགས་པ་དང་ཤ་ལ་རྔམ་པའི་བྱ་དང་གཅན་གཟན་སོགས་ཀྱི་འཇིགས་པ་དང་ འགོ་ཞིང་མཆེད་པར་འགྱུར་བའི་རིམས་ནད་ཀྱི་རིགས་མཐའ་དག་དང་ ཡང་ན་ཡང་ན་བྱིས་པ་རང་གི་མ་དང་བྱིས་པ་ལྟ་སྐྱོང་བྱེད་མཁན་བུ་རྫི་རྣམས་ཀྱིས་སྤྱོད་ལམ་མ་གཟབ་པའི་རྐྱེན་གྱིས་བྱིས་པ་པང་ནས་ཐང་ལ་ལྷུང་བའམ་ཁང་ཐོག་སོགས་ནས་ལྷུང་བ། ས་རྡོ་སོགས་ཀྱི་སྟེང་དུ་བརྡབས་པའམ་སྤྲུགས་པ་སོགས་འཇིགས་སྐྲག་བསྐུལ་བའི་གནོད་འཚེའི་རིགས་གང་ཡང་མི་ཡོང་བའི་ཆེད་དུ་རྒྱུན་དུ་མིག་འབྲས་བཞིན་བསྲུང་ཞིང་བསྐྱང་བར་བྱ་བ་དང་ ཚེ་རིང་ཞིང་དབང་པོ་གསལ་ཕྱིར་སྐབས་སྐབས་སུ་སྣུམ་སོགས་ཀྱིས་བསྐུ་མཉེ་བྱ་ཞིང་མེ་དང་ཉི་མའི་འོད་ཀྱིས་རན་པར་བསྲོ་བར་བྱ་དགོས་སོ།།

༢ བྱིས་པ་རང་ལ་རྟེན་དུས་ཀྱི་སྤྱོད་ལམ། སེམས་སྟོབས་མ་རྫོགས་པའི་བྱིས་པ་ཚོའི་བདེ་ཐང་གི་སྤྱོད་ལམ་ནི་བྱིས་པའི་འགུལ་སྐྱོད་ཀྱི་རྣམ་པ་རེ་རེ་ལ་ཐད་ཀར་རག་ལས་ཡོད་པས་ན་དུས་རྒྱུན་གྱི་འཚོ་བའི་ནང་དུ་ཕ་མ་རྣམས་ཀྱིས་རང་གི་བྱིས་པའི་འགྲོ་འདུག་སྤྱོད་གསུམ་གྱི་ལེགས་ཉེས་ལ་ཡིད་གཟབ་དང་དོ་འཁུར་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ། རྒྱུ་མཚན་དེའི་དབང་གིས་ཕ་མས་བྱིས་པ་ལ་སློབ་གྲྭའི་ཁོར་ཡུག་ཏུ་ཉེན་ཁ་ཡོད་པའི་གྱང་དང་ཁང་བའི་ལོགས་སུ་འགྲོ་མི་རུང་བ་དང་ ལྷག་པར་དུ་སྲང་ལམ་དང་གཞུང་ལམ་གྱི་སྟེང་དུ་ཡར་རྒྱུག་མར་རྒྱུག་བྱེད་པའམ་ཡང་ན་རྩེད་མོ་རྩེ་བ་སོགས་གཏན་ནས་བྱ་མི་རུང་། དེ་བཞིན་དུ་སློབ་གྲྭའི་ཉེར་འཁོར་དུ་ཆུ་བོ་དྲག་ཏུ་རྒྱུག་པ་དང་ཡང་ན་ཆུ་བསྐྱིལ་རྫིང་བུའི་ལྟེང་ཀར་མི་འགྲོ་བ་དང་།  ད་དུང་སློབ་གྲྭ་དང་རང་ཁྱིམ་གང་དུའང་གློག་སྐུད་དང་གློག་ཆས་ཀྱི་རིགས་ཡོད་སར་རྩེད་མོ་མི་རྩེ་བ་དང་རབ་ཡིན་ན་བྱིས་པ་རྣམས་ཀྱིས་གློག་ཆས་ཀྱི་ཡོ་བྱད་བཀོལ་སྤྱོད་མ་བྱས་ན་བཟང་གི་རེད། མདོར་ན་བྱིས་པའི་འགྲོ་འདུག་སྤྱོད་གསུམ་གྱི་ལེགས་ཉེས་ནི་ཕ་མ་དང་བྱིས་པ་གཉིས་ཀ་ལ་རག་ལས་ཡོད་པས་ན་འཇིག་རྟེན་གྱི་ཕ་མ་རྣམས་ཀྱིས་བྱིས་པ་ཆུང་དུས་ནས་བཟུང་སྤྱོད་ལམ་མི་ལེགས་པ་སྤང་ཞིང་ལེགས་པའི་ཕྱོགས་ལ་གོམས་པར་བྱ་དགོས་སོ།།


གོང་ངོས། སྤྱི་བཤད།
X