//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ལུས་སྦྱོང་གིས་ཚེ་བསྲིང་། > ནང་དོན།

དར་མའི་སྤྱོད་ལམ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-14 17:01:13 ཀློག་གྲངས། 26 

དང་པོ། དར་མའི་སྤྱོད་ལམ་གྱི་ལེགས་ཉེས་བསྟན་པ།

༡ བསྟེན་རུང་བའི་སྤྱོད་ལམ། ལུས་སྟོབས་བཟང་ཞིང་ལང་ཚོ་དར་ལ་བབ་པའི་སྐྱེས་བུ་གཞོན་པ་རྣམས་ཀྱིས་ཐོག་མར་མི་རང་རང་གི་རང་བཞིན་དང་ཡུལ་དུས་སོགས་ལ་གཞིགས་ནས་དུས་རྒྱུན་གྱི་འཚོ་བའི་ནང་དུ་ཞོགས་པ་སྔ་མོར་ཆུ་ཚོད་ལྔ་དང་དགོང་མོ་ཆུ་ཚོད་བདུན་ཡས་མས་སུ་རང་སྡོད་སའི་ཁོར་ཡུག་ལེགས་ཤིང་ཁ་དབུགས་གཙང་མ་ཡིན་སའི་གནས་ཞིག་ཏུ་རང་ལུས་མི་རྔུལ་ཙམ་གྱིས་རྩོལ་བ་རན་ཙམ་བཅག་ན་མི་ལུས་བདེ་ཐང་གི་ཕྱོགས་ལ་ཤིན་ཏུ་བཟང་གི་རེད རྩོལ་བཅག་གི་རྣམ་གྲངས་ཆེས་ཡག་ཤས་ནི་ག་འདྲ་ཞིག་ཡིན་ཞེ་ན ཞོགས་རྒྱུག་བྱེད་པ  ལྒང་ལི་རྒྱག་པ་དང་བསྐོར་བ་བྱེད་པ  སྐུམ་ཕྱག་དང་བརྐྱངས་ཕྱག་གང་རུང་འཚལ་བ ད་དུང་དེ་ལས་གཞན་བསྐོར་བྲོ་དང་བོད་བྲོ་སོགས་འགུལ་སྐྱོད་བྱེད་ཐབས་ཀྱི་རྣམ་པ་གང་ཡང་སྦྱོར་བ་མ་ལོག་པར་ལེགས་པར་བསྟེན་ན་གཟུགས་པོ་བདེ་ཐང་དང་ནད་མེད་ཚེ་རིང་ཡོང་བར་ཤིན་ཏུ་སྨན་ནོ།།

བསྟེན་མི་རུང་བའི་སྤྱོད་ལམ། དཔལ་ལྡན་རྒྱུད་བཞིའི་བྱ་བ་སྤྱོད་ལམ་གྱི་ལེའུ་ལས་བདེ་ཞིང་ཚེ་རིང་བར་འདོད་པ་རྣམས་ཀྱིས་འགྲོ་འདུག་གི་སྤྱོད་པ་ནི་ཆུ་ལ་བྱིང་བ་ལ་སོགས་པའི་ཐེ་ཚོམ་དང་བཅས་པའི་གྲུ་ལ་འཇུག་པའམ་རྒྱུད་མི་བསྲུན་པ་དང་ལྡན་པའི་བཞོན་པ་རྟ་གླང་མ་དུལ་བ་ལ་སོགས་པ་ཞོན་པ་དང་། རྐུན་པོ་ལ་སོགས་པས་སེམས་ཅན་གསོད་པའི་ས་ཕྱོགས་སུ་འགྲོ་བ་དང་། གྲུ་གཟིངས་མེད་པར་ཆུ་ཆེན་པོ་བརྒལ་ན་ཆུ་ཇི་ལྟར་རྐྱལ་དགོས་མི་ཤེས་བཞིན་དུ་འོལ་ཚོད་ཀྱིས་རྐྱལ་ནས་འགྲོ་བར་བརྩམ་པའམ་རབ་ལམ་མེད་པའི་ཀློང་འཁོར་སོགས་སུ་འབོག་ནས་འགྲོ་བ་དང་། ཁྱིམ་དང་ནགས་ཚལ་འཚིག་པའི་མེ་ཡི་ཕུང་པོ་ཆེན་པོའི་ཁྲོད་དམ་ཉེ་ངོགས་སུ་བགྲོད་པའམ་གནས་པ་དང་། གད་པ་ཆེན་པོའི་གཡང་ས་མཐོན་པོའི་ལམ་འགྲམ་རྩད་ཆད་པའི་སྟེང་དང་། ཤིང་སྡོང་སྐམ་པོའི་རྩེ་མོ་ལ་སོགས་པར་རིམ་པ་བཞིན་སྔ་མའི་སྟེང་དབྱར་དང་ཕྱི་མའི་རྩེར་དགུན་གྱི་དུས་འཛེག་པ་དང་འགྲོ་བ་རྣམས་འབད་པས་སྤང་བར་བྱ་ཞིང་། མདོར་ན་ཕྱོགས་གང་དུ་འགྲོ་ཡང་གནས་མལ་དུ་སྡོད་པའི་ཚེ་ན་ཡང་ས་ཕྱོགས་དེར་ཉེར་འཚེ་ཡོད་མེད་སོགས་ལེགས་པར་བརྟགས་པ་དང་། འགྲོ་བའི་ཚེ་ནའང་ལམ་ལ་ཞིབ་ཏུ་བརྟག་ཅིང་ཐེ་ཚོམ་དང་བཅས་པས་འགྲོ་འདུག་སྤང་བར་བྱ་དགོས་ལ། ཁྱད་པར་དུ་མཚན་མོའི་དུས་སུ་ཕྱོགས་གང་དུའང་འགྲོ་བར་མི་བྱ་ཞིང་ཅི་སྟེ་དོན་ཆེན་པོ་དང་ལྡན་པས་འགྲོ་དགོས་པའི་ཚེ་ལྷམ་ལ་སོགས་པ་ལུས་ཀྱི་ཚགས་བསྡམས་ནས་དབྱུག་པ་ལ་སོགས་པ་ལག་ཏུ་ཐོགས་པའི་གྲོགས་གཞན་དང་ལྡན་པར་བྱས་ཏེ་འགྲོ་བར་བྱ་དགོས་ལ། དེ་བཞིན་དུ་ལོག་གཡེམ་དང་ཟླ་མཚན་ལྡན་དུས་འཁྲིག་པ་བྱེད་པ་དང་ཡང་ན་ཆམ་པ་དང་མ་ཞུ་བ་ལྷག་ཏུ་ལྟོ་བ་འཁྲུ་བ་ལ་སོགས་བྱུང་དུས་སྐུ་ཁྲུས་བྱེད་བྱ་མི་རུང་། ད་དུང་ཆུ་དྲོན་མོས་དུས་རྒྱུན་དུ་མགོ་བཀྲུས་ན་སྐྲ་དང་མིག་གི་སྟོབས་འཕྲོག་པ་ཡིན་པས་དེ་དག་མི་རུང་བའི་སྤྱོད་ལམ་སོགས་དུས་རྒྱུན་དུ་དྲན་ཤེས་བཞིན་དུ་སྤང་དགོས།  ཞེས་པ་ལྟར་འགྲོ་འདུག་སྤྱོད་གསུམ་གྱི་ལེགས་ཉེས་ལ་ཞིབ་ཏུ་བརྟག་དགོས་པའི་བསླབ་བྱ་དེ་དག་གི་ཤུགས་སུ་དེང་དུས་ཀྱི་གནམ་གྲུ་དང་མེ་འཁོར།  མཚོ་གྲུ་དང་རླངས་འཁོར།  འཕྲུལ་རྟ་དང་ལྕགས་རྟ།  ས་འོག་གློག་འཁོར་དང་ས་སྟེང་མགྱོགས་འཁོར་སོགས་ཀྱི་ལེགས་ཉེས་ཀྱང་བསྟན་ཡོད་པས།  མདོར་བསྡུས་ནངལ་ཞིང་དུབ་པར་གྱུར་པས་ཉེས་པ་ཡོངས་སུ་སྤང་བ་དང་ལྷན་དུ་མི་དར་མ་ཀུན་གྱིས་རང་གི་འགྲོ་འདུག་སྤྱོད་གསུམ་གྱི་ལེགས་ཉེས་ལ་ཡིད་གཟབ་དང་དོ་སྣང་ཡག་པོ་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ།  དེར་མཚུངས་སུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་སམ་ཚེ་སྲོག་ལ་གནོད་པའི་སྤྱོད་ལམ་དག་རིང་ནས་སྤང་དགོས་སོ།།


X