>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

གླ་སྒང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 9:06:22 ཀློག་གྲངས། 44

      བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གླ་སྒང་སྐད་འགགས་གློད་ནད་རྒྱུ་མར་ཕན།། ཞེས་པར། དཔག་བསམ་ལྗོན་པར། གླ་སྒང་ཐང་གིས་ཚ་འཁྲུ་གཅོད།། དྲོ་བས་རླུང་ནད་སེལ་བ་དང་།། འཁྲུ་བ་སྨིན་ཅིང་གཅོད་པར་བྱེད།། ཅེས་དང་། ལྕགས་ཀྱི་ཕྲེང་བར། གླ་སྒང་བསིལ་ལ་ཞུ་ནས་དྲོ།། ཞེས་དང་། རང་བྱུང་པས། གླ་སྒང་གློ་བའི་ཚད་པ་འཇོམས།། ཞེས་པར་མིང་ནི། མོན་ལུག མོན་ཆུ་རུབ་པ། ལང་གུ་ར། རུས་མདུད་མུཔྟི་ཟེར། འཁྲུངས་དཔེར། མོན་ལུག་གླ་སྒང་ཞེས་བྱ་བ།། སྤང་ཤུལ་མཐུག་པོའི་ས་ལས་སྐྱེ།། ལོ་མ་ཕྲ་ལ་རབ་ཏུ་ཆུང་།། རྩ་བ་ཕྲ་ལ་མང་བ་སྟེ།། ས་འོག་ཐམས་ཅད་ཁྱབ་པར་གྱུར།། རོ་ནི་ཚ་ལ་བསྐ་དང་བཅས།། རང་གི་ནུས་པས་བད་ཀན་དང་།། གློ་ལས་གྱུར་པའི་སྐད་འགགས་སེལ།། ཞེས་རྩ་བ་ས་འོག་ཏུ་གྲོ་མ་འདྲ་བར་གནས་པ་དེས་རིམས་ཚད་གློ་བ་རྒྱུ་ལོང་ནད་རྣམས་ལ་ཕན། འདི་ལ་རིགས་གཉིས། སྔ་མ་རྒོད་ལ། གཡུང་བ་ནི་ས་འབོལ་སར་སྐྱེ་བའི་ལོ་མ་ཕྱོགས་ཙམ་ལོ་བཙན་པ་དང་འདྲ་ལ་རྐང་དམར་བ། མེ་ཏོག་རྒྱ་དཀར་སྤེན་མའི་མེ་ཏོག་ཆེ་ཤོས་ཙམ་འཆར་བ་རྩ་བ་མོན་བུ་འདྲ་ལ་ཕྱི་ནག་ནང་དམར་རོ་བསྐ་བ། སྔ་མ་ལ་འདྲ་དཔེར། གླ་སྒང་ས་ནག་གྲོ་མ་འདྲ།། ཞེས་དང་། ཕྱི་མར་འདྲ་ཡིག་ཏུ། གླ་སྒང་མོན་ཆུང་སྐམ་པོ་འདྲ།། ཞེས་སོ།།
      གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། གླ་སྒང་ཞེས་བྱའི་ཤིང་དེ་ནི།། སྡོང་པོ་སྐྱ་ལ་ལོ་མ་ཆུང་།། མེ་ཏོག་སྙེ་མ་ཁྱི་མཇུག་འདྲ།། དྲི་མི་ཞིམ་ལ་རོ་ནི་ཚ།། རང་གི་ནུས་པས་ལྷོག་པ་འདུལ།།
      སྨན་མིང་རྒྱ་མཚོ་ལས། གླ་སྒང་གློ་བའི་ཚད་པ་འཇོམས།།
      མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། གླ་སྒང་གྲོ་མ་སྐམ་པོ་འདྲ།།
      སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། གླ་སྒང་ནི། མོན་ལུག་གླ་སྒང་སྟེ། སྤང་མཐུག་པོ་སོགས་ལ་སྐྱེ་བ་ལོ་རྐང་ཕྲ་ཆུང་རྩ་བ་ས་འོག་ཏུ་གྲོ་མ་ལྟ་བུར་ཁྱབ་ཅིང་རོ་མངར་ལ་ཚ་བསྐའི་ཉམས་ཅན་དེས་ཚད་དང་ཁྱད་པར་དུ་གློ་དང་རྒྱུ་ལོང་གི་ནད་ལ་ཕན།
      སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། གླ་སྒང་ནི། ཆུ་ནང་དུ་སྐྱེ་བའི་ལྡུམ་རྩ་སྟེ། བོད་འདིར་ས་ནག་ཏུ་སྐྱེ་བའི་ལོ་མ་ལོ་བཙན་འདྲ་རུང་། མེ་ཏོག་རྒྱ་དཀར་སྤེན་མའི་མེ་ཏོག་ཆེ་ཤོས་ཙམ། རྩ་བ་མོན་བུ་འདྲ་བ་ཕྱི་ནག་ལ་ནང་དམར་ཞིང་རོ་བསྐ་བ་ཁམས་སྐད་དུ་ཚིག་གྲོར་གྲགས་པ་དེས་ཚབ་རུང་།
      མཛེས་མཚར་མིག་རྒྱན་ལས། གླ་སྒང་ནི། མོན་ལུག་ཟེར། སྤང་མཐུག་སོགས་སུ་སྐྱེ། ལོ་རྐང་ཕྲ་ཆུང་རྩ་བ་ས་འོག་ཏུ་གྲོ་མ་ལྟ་བུར་ཁྱབ་ཅིང་རོ་མངར་ཚ་བསྐ་བ།

གོང་ངོས། ག་དུར།
X