>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

དཔའ་བོ་དཀར་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 10:40:36 ཀློག་གྲངས། 26

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དཔའ་བོ་དཀར་པོས་དུག་ཚད་སེལ།། ཞེས་པར། རང་བྱུང་རྡོ་རྗེས། དཔའ་བོ་དཀར་སེར་དམར་པོ་གསུམ།། དུག་ཚད་སེལ་བའི་སྨན་དུ་བཤད།། ཅེས་གསུངས། དཔའ་བོ་འདི་ལ་འགྲེལ་མཛད་པ་དག་ཞལ་མི་འཆམས་པ་དང་། ལ་ལ་དག་མང་ནས་མི་འདུས་པ་དང་། ལ་ལ་དག་ཉུང་ནས་མི་ཚང་བ་སོགས་མང་མོད། རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེས་རིལ་ནག་ཆེན་མོ་ལས་རིགས་དྲུག་ཏུ་གསུངས་ཏེ། གང་ཞེ་ན། དཔའ་བོ་དཀར་པོ་སེར་པོ་དཔའ་རྒོད་རྣམས་ཞོ་རེ། སུ་མི་སྨན་དམར་སེར་གང་རུང་ཞོ་དོ། གླང་ཆེན་ཆིག་ཐུབ་ཞོ་དོ་གསུངས། འདི་མང་ཤོས་ཡིན་པ་ལས། གཞན་དག་གསུམ་ནས་ལྔ་ལས་མི་མང་ཞིང་། ཁ་ཅིག་ཏུ་གསུམ་རང་ཡང་སོ་སོར་དབྱེ་མ་བཏུབ་པར་དཀར་སེར་ལ་དབྱེ་བ་ཆེར་མེད་གསུངས། འགའ་ཞིག་ཏུ་མིང་གི་གྲངས་སུ་མང་པོར་དབྱེ་བས། མཛེས་རྒྱན་སྨན་ཀྱི་པྲ་ཁྲིད་ལས། ཁ་བ་ལ་རྣམ་པ་གཉིས་ཏེ། ཏིག་ཏ་དང་ནིམ་པ་ལྟ་བུ་ནི་ཁ་བ་མཚན་ཉིད་པ་མིན་ཏེ། མངར་ཚས་བསྒྱུར་བའི་ཁ་བའོ།། དཔའ་བོ་གསུམ་དང་། དཔའ་བོ་ཆེན་པོ་དང་། སུ་མི་གསུམ་དང་། སྔོ་ལེབ་དང་། སྐྱི་བའི་འབྲུ་རྣམས་དང་། དེ་ལྟ་བུ་ནི་ཁ་བ་མཚན་ཉིད་པའོ།། ཞེས་གསུངས་པས། ཁ་བས་ཁ་ཡི་དྲི་སྦྱོང་ཡི་ག་ལྡོག། གསུངས་བཞིན་འདི་དག་ཁ་ལུགས་མཚན་ཉིད་པ་དང་། ཏིག་ཏ་སོགས་ཁ་ཚུལ་མི་འདྲ་བ་ཐུགས་ཤིན་ཏུ་མད་པ་འདི་ཡང་ཞར་བྱུང་དུ་ཤེས་དགོས་ལ། དེ་ལྟར་དཔའ་བོ་གསུམ་གསུངས་པ། དཔའ་བོ་དཀར་སེར་དཔའ་རྒོད་དང་གསུམ། དཔའ་བོ་ཆེན་པོ་གསུངས་པ་གླང་ཆེན་ཆིག་ཐུབ་དང་། སུ་མི་གསུམ་གསུངས་པ། དམར་སེར་སྨུག་གསུམ་སྟེ། བསེ་སྒྲོམ་སྨུག་པོའི་ཞལ་གདམས་ལས། དཔའ་བོ་བདུན་གྱིས་དུག་ཚད་སེལ།། ཞེས་གསུངས་པ་བཞིན་སུ་མི་སྨན་ཡང་དཔའ་བོའི་རིགས། ཟུར་མཁར་བ་དཔའ་པོ་དྲུག་ལས་མི་འབྱུང་བའི་རྒྱུ་མཚན་སུ་མི་དམར་སེར་གཉིས་ལས་མ་གསུངས་པས། རྒྱུ་མཚན་ཡང་སེར་སྨུག་གཉིས་ཁོག་གཅིག་པས་དབྱེ་བ་མ་མཛད་པ། དེ་དག་ལ་འགྲེལ་བྱེད་རྣམས་ཀྱི་ངོས་བཟུང་ཚུལ་དགག་བཞག་མང་ཡང་བཞག་ལ། རེ་རེ་ནས་བརྗོད་པར་བྱ་བ་ནི། དཔའ་བོ་དཀར་པོ་ཞེས་པ། རྒྱ་གར་ནག་ནས་འབྱུང་ལ། མིང་ལ་རུ་སེ་ད་ཟེར། འཁྲུངས་དཔེ་སུས་ཀྱང་མ་རྙེད་རུང་འདི་ངོས་འཛིན་མཚུངས་ལ། རྩ་བ་ལ་ཕུག་འདྲ་བའི་ནང་ན་ཁོང་སྤུ་སྒ་སྐྱ་འདྲ་བ་ཡོད་པ་རོ་ཤིན་ཏུ་ཁ་བ་ཡིན།
འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས། དཔའ་བོ་དཀར་པོ་བྲག་ཞུན་དང་།། ལྡུམ་བུ་རེ་རལ་གང་གཱ་ཆུང་།། དར་ཡ་ཀན་ནི་སྔོན་པོ་དང་།། མེ་ཏོག་སྔོ་ལ་ཡུ་བ་སེར།། ལྡུམ་བུ་རེ་རལ་སྤུ་དང་མཚུངས།། ཕྱེ་མ་ཀ་ར་སྦྱར་གཏང་ན།། དུག་གི་ནད་རྣམས་སེལ་བར་བྱེད།། སེར་སྒོད་མ་ནི་དུག་སྨན་ཡིན།། འདི་ནི་མན་ངག་དམ་པ།
   མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། དཔའ་བོ་དཀར་པོ་ཉུང་ཤུན་འདྲ།།
   རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། དཔའ་བོ་དཀར་པོ་རོ་ནི་བསྐ་ཞིང་ཚ།། ཅུང་ཟད་ཁ་ལ་ཞུ་རྗེས་བསིལ་བ་ལགས།། ནུས་པས་དུག་ཚད་མ་ལུས་ཞི་སྦྱོང་བྱེད།།
   མཛེས་མཚར་མིག་རྒྱན་ལས། དཔའ་བོ་དཀར་པོ་ནི། རུ་སེ་ཏའམ་བལ་པོས་རུ་ཁ་ཚ་ཟེར། རྒྱ་གར་དང་རྒྱ་ནག་ནས་འབྱུང་བ་སྟེ། རྩ་བ་ལ་ཕུག་འདྲ་བའི་ནང་ན་སྤུ་སྒ་སྐྱ་འདྲ་བ་ཡོད་པའི་རོ་ནི་ཤིན་ཏུ་ཁ་བ་འམ་སྲེག་པར་བྱེད་པ་ཞིག་ཡིན། སི་ཏུས། དཀར་ལ་མཁྲེགས་པ་ཡུང་མ་གཤག་པ་འདྲ་བའི་དཔའ་པོ་དཀར་པོ། ཞེས་སོ།། དེས་དུག་ཚད་སེལ།

གོང་ངོས། པུ་ཤེལ།
X