>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

བོང་ང་སེར་པོ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 11:29:43 ཀློག་གྲངས། 13

    བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བོང་ང་སེར་པོ་ནི། རང་བྱུང་པས། སེར་པོ་དཀར་དམར་རྗེས་སུ་མཐུན།། ཞེས་པར། འཁྲུངས་དཔེ་ལས། བོང་ང་སེར་པོ་ཞེས་བྱ་བ།། མེ་ཏོག་ཅུང་ཟད་སེར་མདངས་ཅན།། རོ་ཁ་ནུས་པ་བསིལ་བ་ཡིན།། དུག་རིགས་ཚད་པའི་ནད་རྣམས་ནི།། འདི་ཡིས་མི་སེལ་གང་ཡང་མེད།། ཁྱད་པར་མཁྲིས་པའི་ནད་ལ་བསྔགས།། ཞེས་པ་དམར་པོ་དང་བྱུང་ཁུངས་གཅིག་ལ། དབྱིབས་དམར་པོ་དང་འདྲ་བ་དང་། ཕྱོགས་ཧ་ལམ་ཆུ་དག་དཀར་པོ་འདྲ་ལ་ཁ་དོག་ཤིན་ཏུ་སེར་ལ་རོ་རབ་ཏུ་ཁ་བ་ཡིན།
   གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། བོང་ང་སེར་པོ་ཞེས་བྱ་བ།། ར་དུག་སེར་པོ་ཞེས་ཀྱང་བྱ།། ལོ་མ་སྡོང་བུ་སྔར་དང་འདྲ།། མེ་ཏོག་ཅུང་ཟད་སེར་བའི་མདངས།། རོ་ཁ་ནུས་པ་བསིལ་བ་ཡིན།། དུག་རིགས་ཚད་པའི་ནད་རྣམས་ལ།། འདི་ཡིས་མི་སེལ་ནད་གཞན་མེད།། ཁྱད་པར་མཁྲིས་པའི་རིགས་ལ་བསྔགས།།
   སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། བོང་སེར་ནི། འབྱུང་ཁུངས་བོང་དམར་དང་འདྲ། དབྱིབས་མཐེ་བོང་ལྟ་བུ་མདོག་སེར་རོ་ཤིན་ཏུ་ཁ་བ།
   སྨན་གྱི་ངོས་འཛིན་སྐོར་ལས་འཕྲོས་པའི་དོགས་སེལ་ཕྲན་བུ་ལས། བོང་སེར་ནི་ལོ་མ་གླང་སྣ་འདྲ་ལ། མེ་ཏོག་སེར་པོ་ཅན་དེ་དང་། ལ་ལས་མེ་ཏོག་སེར་ཆེན་ལ་བྱེད། དེ་གཉིས་གང་ཡིན་ཀྱང་རྩ་ལོ་འདྲེས་མ་དགོས་ཤིང་ནུས་པ་ཕྱོགས་མཚུངས་པ་འདྲ།
   མཛེས་མཚར་མིག་རྒྱན་ལས། བོང་སེར་ནི། མེ་ཏོག་སེར་པོ་མདངས་ཅན་ཀྱི་རྩ་བ་སྟེ། རྒྱ་གར་སོགས་ནས་འོང་བ་དབྱིབས་ཧ་ལམ་ཤུ་དག་དཀར་པོ་འདྲ་བ་ཤིན་ཏུ་སེར་ལ་ཁ་བ་ཆེ། སི་ཏུས། ལུག་མུར་གཤག་པ་འདྲ་བའི་ཁ་དོག་སེར་པོ་ཁ་བའི་བོང་སེར་ཞེས། འདི་ཡན་དུག་མེད་སྨན་གསུམ་ཟེར།

གོང་ངོས། བོང་ང་དམར་པོ།
X