//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ངག་གིས་ཚེ་བསྲིང་། > ནང་དོན།

བྱིས་པའི་ངག་གི་སྒོ་ནས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-15 9:37:28 ཀློག་གྲངས། 36 

དང་པོ། བྱིས་པ་གཞན་རྟེན་གྱི་ངག་གི་ཚེ་བསྲིང་། ནད་མེད་པར་ཚེ་རིང་བ་དང་གསུང་གི་ས་བོན་འཇོག་པའི་ཕྱིར་བྱིས་པ་སྟེ་བཙས་མ་ཐག་ནས་ལྕེ་ཐོག་ཏུ་གུར་གུམ་གྱི་ཧྲི་ཡིག་འབྲི་བ་དང་དེ་ནས་རིམ་བཞིན་ཕ་མ་དང་བྱིས་པ་སྐྱོང་མཁན་གྱི་བུ་རྫི་རྣམས་ཀྱིས་བྱིས་པའི་འཁྲིས་སུ་རང་གི་སྐད་ཆའི་སྨྲ་སྟངས་དང་སྒྲ་གདངས་ཀྱི་ཐོ་དམའ་མཉམ་འཇོག་བྱེད་དགོས་ལ།  ལྷག་པར་དུ་ཡ་རབས་སྤྱོད་བཟང་གི་སྐད་ཆ་རེ་རེ་གསལ་དག་སྙན་གསུམ་གྱི་སྒོ་ནས་བཤད་པར་གོམས་རྒྱུ་ནི་ཆེས་ཐོག་མའི་སྨྲ་བ་ངག་གི་རྨང་གཞི་ལྟ་བུ་ཡིན།  དེ་ནས་བྱིས་པ་སྟེ་རིམ་བཞིན་འཚར་ལོངས་འབྱུང་བའི་དུས་དང་བསྟུན་ནས་ཕ་མ་ཚོས་རྒྱུན་དུ་བྱིས་པ་ལ་ངག་གི་སྒོ་ནས་མི་དགེ་བ་བཞི་སྤང་དགོས་ཚུལ་དང་དགེ་བ་བཞི་ཇི་ལྟར་བླང་དགོས་ཚུལ་ཀྱི་ཁ་ཏ་སློབ་གསོ་བྱིས་པའི་རྣ་ལམ་དུ་ཡང་ཡང་གླེང་དགོས་ཏེ།  དཔེར་ན་རྫུན་སྤང་ནས་བདེན་པར་སྨྲ་བ་ནི་ངག་གི་དགེ་བ་དང་པོ་ཡིན།  ཕྲ་མ་སྤངས་ནས་འཁོན་པ་ཟླུམ་པ་ནི་ངག་གི་དགེ་བ་གཉིས་པ་ཡིན།  ཚིག་རྩུབ་སྤངས་ནས་སྙན་པར་སྨྲ་བ་ནི་ངག་གི་དགེ་བ་གསུམ་པ་ཡིན།  ངག་འཁྱལ་སྤངས་ནས་ཁ་ཏོན་བྱེད་པ་ནི་ངག་གི་དགེ་བ་བཞི་པ་ཡིན་པ་བཅས་བྱིས་པའི་གོ་སླ་བའི་ཆེད་དུ་དཔེ་དང་དཔེ་ཅན་གཉིས་ཀ་བཀོད་ནས་བྱིས་པ་ལ་ངག་གི་སྒོ་ནས་ཚེ་བསྲིང་ཐབས་ཀྱི་སློབ་སྟོན་གནང་རྒྱུ་ནི་ཕ་མ་རྣམས་ལ་རག་ལས་ཡོད་པ་རེད།

གཉིས་པ། བྱིས་པ་རང་རྟེན་གྱི་ངག་གི་ཚེ་བསྲིང་།  བྱིས་པའི་སྐྱེས་སྟོབས་ཀྱི་འགྲོས་དང་བསྟུན་ནས་བྱིས་པ་རང་ངོས་ནས་ཀྱང་ངག་གི་བྱེད་སྒོ་གང་ཞིག་སྤྱོད་རུང་བ་དང་གང་ཞིག་སྤྱོད་མི་རུང་བའི་འདུ་ཤེས་དང་ཡང་ན་འཚར་སྐྱེས་མཐོ་བརྒལ་གྱི་བསམ་བློ་དང་སྣང་ཚུལ་གསར་བ་ཞིག་ངེས་པར་དུ་རང་ཉིད་ལ་འཛོམས་དགོས་པ་མ་ཟད།  ཕ་མ་དང་དགེ་རྒན།  སློབ་གྲོགས་དང་སྤུན་མཆེད་གྲོགས་སོགས་ལ་རྫུན་དང་ཚིག་རྩུབ་སོགས་མི་སྨྲ་བར་ངག་ཚིག་སྙན་མོས་སྐད་ཆ་གང་ཡང་བདེན་པ་བདེན་དྲང་དུ་སྨྲ་དགོས་ལ།  ཁྱད་པར་དུ་བྱིས་པའི་འཚར་སྐྱེས་ལ་བརྟེན་ནས་ངག་གི་བྱེད་ནུས་ཡོད་རྒུ་ཡང་དེ་མཉམ་དུ་འཚར་ལོངས་བྱུང་གི་ཡོད་སྟབས་ཁ་བསྡམ་ནས་མི་འདུག་པར་སྐད་ཆ་འོས་འཚམ་རེ་རྒྱུན་དུ་ལབ་གླེང་བྱེད་པ་དང་ཡང་ན་བྱིས་པའི་འཚར་གཏམ་དང་ཁེད།  ད་དུང་ངག་རྒྱུན་ལ་གྲགས་པའི་གནའ་གཏམ་སོགས་བཤད་པར་སྤྲོ་བའི་འདུན་པ་སྐྱེད་སྲིང་དང་སྦྱོང་བརྡར་གང་ལེགས་བྱས་ན་གཟོད་ནས་ངག་གི་སྒོ་ནས་ཚེ་བསྲིང་ཡོང་པ་ལ་ཕན་ནུས་ཆེན་པོ་འབྱུང་གི་རེད།


གོང་ངོས། སྤྱི་བཤད།
X