>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > སྔོ་ཡི་སྨན། > > ནང་དོན།

ཧོང་ལེན།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-21 14:02:31 ཀློག་གྲངས། 61

བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཧོང་ལེན་ཁྲག་སྐེམས་འཁྲུགས་ཚད་དོན་ཚད་སེལ།། ཞེས་པ་ལ། ལྕགས་ཕྲེང་ལས། ཧོང་ལེན་བསིལ་ལ་རྩུབ་པས་ཁོང་ནད་འཁྲུ་ཞིང་འཇོམས།། ཞེས་དང་། དཔག་བསམ་ལྗོན་ཤིང་ལས། ཧོང་ལེན་ཚ་བ་རྒྱས་པ་སེལ།། ཞེས་དང་། རང་བྱུང་ཞབས་ཀྱིས། ཧོང་ལེན་ཁྲག་གི་ཚད་པ་སེལ།། ཞེས་པར་མིང་། བདུད་རྩི་ཀ་བྷེ་ཏ། མ་མོ་ཀ་ལ། བྱ་རྒན་སུག་པ། ཁྲའི་སྡེར་མོ། སྤུ་ཙེ་ཤེལ། གཡའ་རུག་མ། ག་པུར་ཟིལ་གནོན་རྣམས་ཟེར། འདི་ལ་རིགས་བཞི་སྟེ། མཆོག་གྱུར་གཉིས་ནི།སྟོད་ནས་འབྱུང་བའི་ལྡུམ་རྩ་དམར་སྨུག་རུལ་པ་འདྲ་བ་དང་། སྐྱ་སོབ་སྲོ་ལོ་འདྲ་བ་དེ་གཉིས་ཀ་རོ་ཤིན་ཏུ་ཁ་བ་སྟེ། ལྟང་རྩེ་བྱས་ནས་མགྲོན་པོས་འགེལ་འོང་བ་དེ་ཡིན། དེ་ལས་དམན་པ་བོད་ཁམས་གར་ཡང་སྐྱེ་བ་ཕོ་མོ་རིགས་གཉིས་ཏེ། ཕོ་ལྡུམ་རྫ་ལས་སྐྱེ་བ་ནི།། འཁྲུངས་དཔེར། ཧོང་ལེན་གཡའ་ཤག་རྫ་ལས་སྐྱེ།། ལོ་མ་སྨུག་མཐུག་སྣུམ་པ་ལ།། མེ་ཏོག་སྨུག་པོ་འབྲོང་ལོ་འདྲ།། རྩ་བ་སྤུ་ཅན་གོང་བྲུན་འདྲ།། ཞེས་པ་དང་། མོ་ལྡུམ་སྤང་ལས་སྐྱེ་བ་ནི།། འདྲ་དཔེར། ཧོང་ལེན་མོ་ཞེས་བྱ་བ་ནི།། ན་དང་སྤང་གི་མཚོ་ལས་སྐྱེ།། ལོ་མ་མཐུག་གཉེར་འཕྱངས་པ་ལ།། མེ་ཏོག་དཀར་པོ་སྤྱང་མཇུག་འདྲ།། རྩ་བ་གོང་མོའི་རིལ་མ་འདྲ།། ཡན་ལག་ཁ་སྤུ་རིང་ལ་མང་།། རོ་ནི་ཁ་ལ་ནུས་པ་བསིལ།། ཁྲག་མཁྲིས་རྒྱས་པའི་ཚ་བ་འཇོམས།། ཞེས་དང་། དཔག་བསམ་ལྗོན་ཤིང་ལས། ཧོང་ལེན་ན་སྤང་ལས་སྐྱེ་ཡིས།། གླང་ཐབས་ལྷོག་པ་གཟེར་ཐུང་འཇོམས།། ཚད་པ་ཀུན་སེལ་ཁྱད་པར་དུ།། དུག་སེལ་ཞུ་རྗེས་སྙོམས་པ་ཡིན།། སྨན་རྣམས་ཀུན་ལ་བློན་པོ་འདྲ།། ཞེས་གསུངས་སོ།། རྟོགས་བརྗོད་ལས། གཡའ་གངས་རྫ་མཐོན་འཛིན་པའི་གཡའ་རུག་མ།། ཟངས་ལུས་གཡུ་ལོ་མཆོང་གི་མེ་ཏོག་མཛེས།། རྐང་པ་ལྷ་བྱའི་བདུད་རྩིས་རྨ་ཚད་སེལ།། ཆུ་འཐུད་ཁྲག་མཁྲིས་འཁྲུགས་སེལ་གཙོ་མོ་ལགས།། ཞེས་སོ།།
   གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། ཧོང་ལེན་རི་མཐོའི་རྫ་ལ་སྐྱེ།། ལོ་མ་མི་རྒན་བྲང་རུས་འདྲ།། ཐོག་བུ་སྤྱང་རྒན་མཇུག་མ་འདྲ།། རང་གི་ནུས་པས་རིམས་གསར་སེལ།། གྲོགས་དང་སྦྱར་ན་ཆུ་མི་འཇིགས།། བ་མར་དང་སྦྱར་ཟོས་ན་མིག་ཀྱང་རྣོ།།
   གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ཧོང་ལེན་རི་མཐོའི་རྫ་ལ་སྐྱེས།། ལོ་མ་ནས་ཀྱི་ལྗང་བུ་འདྲ།། ཕོ་ལ་མེ་ཏོག་སྡོང་བུ་ཡོད།། མོ་ལ་སྡོང་བུ་མེད་པ་ཡིན།། རང་གི་ནུས་པས་རིམས་རྙིང་སེལ།། གྲོགས་དང་སྦྱར་ན་ཆུ་མི་འཇིགས།། བ་མར་སྦྱར་བཏང་མིག་ཀྱང་རྣོ།། སྣོད་ཀྱི་ཚད་པའི་རིགས་རྣམས་སེལ།།
   གཡུ་ཐོག་སྔོ་འབུམ་ལས། ཧོང་ལེན་གཡའ་སྤང་མཚམས་སུ་སྐྱེ།། ལོ་མ་མཐུག་འཇམ་སོག་ལེ་ཁ།། མེ་ཏོག་ནས་ཀྱི་འབྲོང་ལོ་འདྲ།། ངར་པ་སྨུག་པོ་རིལ་མོ་ལ།། རིང་ཐུང་མཐོ་རེ་མཛུབ་རེ་ཙམ།། རྩ་བ་གོང་མོའི་བྲུན་དང་འདྲ།། དྲི་མེད་རོ་ནི་ཁ་ལ་དྭངས།། ཁྲག་སྐེམས་འཁྲུགས་ཚད་དོན་ཚད་སེལ།།
   མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཧོང་ལེན་གོང་མོའི་རིལ་མ་འདྲ།།
   རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཧོང་ལེན་རོ་ཁ་ཞུ་རྗེས་བསིལ་ཡིན། ནུས་པས་རིམས་རྙོགས་དུག་འཁྲུགས་རྨ་ཚད་སེལ།།
   སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། སྔོ་སྨན་ཧོང་ལེན་རོ་ཁ་ཞུ་རྗེས་བསིལ།། ཁྲག་སྐམ་འཁྲུགས་དང་དོན་སྣོད་ཚ་བ་སེལ།། ཡན་ལག་ཆུ་འཐུང་ཅུང་ཟད་ཐུར་དུ་འཁྲུ།། ཁྱད་པར་རྒྱུ་གཟེར་ཚ་བའི་དུས་སུ་བསྔགས།།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སྔོ་སྨན་ལ། ཧོང་ལེན་ནི། ལོ་མ་འདབ་བཞི་སྤུ་ཅན་གྱི་རྩ་བ་མཆོག་དང་། དམན་པ་གཡའ་སྤང་མཚམས་སུ་སྐྱེ་བའི་ལོ་མ་ཁྲོ་བོའི་རལ་གྲི་འདྲ་བ་སྣུམ་མཐུག་མེ་ཏོག་སྔོན་པོ་གོ་བྲུན་འདྲ་བ་ཅན་རྩ་བ་འབུའི་ལུས་འདྲ་བ་ཕོ་དང་། མེ་ཏོག་མེད་པ་དེ་འདྲ་མོ་རིགས་ཏེ་དེ་དག་གིས་ཁྲག་སྐེམ་ཞིང་འཁྲུགས་ཚད་དང་དོན་ལྔའི་ཚད་པ་རླུང་ནད་བརླ་རེངས་རྣམས་སེལ།
   སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། བནྟཱ། ཧོང་ལེན་ཏེ། ཛཱི་བནྟི་ཀཱ། འཚོ་བྱེད་ཅེས་འཚོ་བྱེད་བརྒྱད་ཀྱི་གྲས་སུ་བཞེད། ད་ལྟ་སྟོད་ཕྱོགས་ནས་འོང་བ་ལྡུམ་རྩ་དམར་སྨུག་དང་། སྐྱ་སོབ་འདི་གཉིས་རབ། བོད་དུ་སྐྱེས་པ་འདིས་ཀྱང་ཚབ་རུང་། འདི་ལའང་མེ་ཏོག་དཀར་པོ་ན་བ་ནང་དུ་སྐྱེ་བ་འདི་ཧོང་ལེན་དངོས་ཏེ། རྒྱ་སྐད་དུ་ཧཱིཾང་ལས་ཟེར། དེ་རིགས་གཡའ་ལ་སྐྱེས་པ་མེ་ཏོག་སྨུག་པོ་ཅན་འདི་ལ་གཡའ་རུག་ཏུ་ངོས་འཛིན་ནུས་པའི་འགྲོ་ཕྱོགས་མཚུངས། ཧཱིཾང་། དམར་པོ་དང་། ལས་ཚོས་ལ་འཇུག་པས་དམར་ཚོས་ཟེར་བ་ད་ལྟའི་ཡོད་པ་ཡོངས་གྲགས་འདི་འཁྲུལ་པ་མེདབནྟཱ། ཧོང་ལེན་དུ་བསྒྱུར་ནའང་། དངོས་ནི་ཤིང་གི་རིགས།
   སྔོའི་སྨན་གྱི་འཁྲུངས་དཔེ་བསྡུས་པ་ངོ་མཚར་གསེར་གྱི་སྙེ་མ་ལས། ཧོང་ལེན་ལྷོ་ནས་འོང་བ་མཆོག དམན་པར་ཕོ་མོ་གཉིས་ཏེ། ཧོང་ལེན་མེ་ཏོག་ཡོད་པ་ཕོ། ཧོང་ལེན་མེ་ཏོག་མེད་པ་མོ།
   མཛེས་མཚར་མིག་རྒྱན་ལས། སྔོ་སྨན་རྩ་བ་ལ་ཧོང་ལེན་ནི། སྤུ་ཙེ་ཤེལ། ག་བུར་ཟིལ་གནོན་ཟེར། ལོ་མ་འདབ་བཞི་སྤུ་ཅན་གྱི་རྩ་བ་སྟེ། སྟོད་ནས་འབྱུང་བའི་དམར་སྨུག་རུལ་བ་འདྲ་དང་། སྐྱ་སོབ་སྲོ་ལོ་འདྲ་གཉིས་ཤིན་ཏུ་ཁ་བ་མཆོག དམན་པ་བོད་ཁམས་ཀྱི་གཡའ་རྫ་ལ་སྐྱེ། ལོ་མ་རལ་གྲི་འདྲ་བ་སྣུམ་མཐུག་མེ་ཏོག་སྔོ་སྨུག་གོང་བྲུན་འདྲ་བའི་རྩ་བ་འབུ་ལྟ་བུའི་མེ་ཏོག་ཡོད་མེད་ཕོ་མོ་དང་། སྤང་ལ་སྐྱེ་བ་ལོ་མ་མཐུག་གཉེར་འཕྱངས་པ་ཡལ་ག་ཁ་སྤུ་རིང་མང་མེ་ཏོག་དཀར་པོ་སྤྱང་མཇུག་འདྲ་བའི་རྩ་བ་གོང་མོའི་རིལ་མ་ལྟ་བུ་དང་གཉིས། ལྕགས་ཕྲེང་ལས། ཧོང་ལེན་བསིལ་ལ་རྩུབ་པས་ཁོང་ནད་འཁྲུ་ཞིང་འཇོམས།། ཞེས་པས་ཁྲག་འཁྲུགས་དོན་ཚད་སེལ།

གོང་ངོས། ཡིག་ཆ་མི་འདུག
X