//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ངག་གིས་ཚེ་བསྲིང་། > ནང་དོན།

རྒན་པོའི་ངག་གི་སྒོ་ནས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-15 10:35:23 ཀློག་གྲངས། 18 

སྤྱིར་ངག་ཅེས་པ་ནི་སྐྱེས་བུའི་ལྕེ་རྐན་མཆུ་སོ་སོགས་ཀྱི་རྩོལ་བ་ལས་བྱུང་བའི་རྗོད་བྱེད་ཀྱི་སྒྲ་གང་ཞིག་རང་ཡུལ་ཁྱད་ཆོས་འཇུག་ལྡོག་གི་གཞི་དང་སྦྱར་ནས་རྗོད་པར་བྱེད་པ་ཞིག་ཡིན་མོད།  འོན་ཀྱང་སྐབས་སུ་བབ་པ་ནི་རྒས་པའི་ངག་གི་ཚེ་བསྲིང་ཐབས་ཀྱི་སྐོར་ཡིན་པས་ན།  རྫ་དཔལ་སྤྲུལ་རིན་པོ་ཆེས། ངག་གི་མི་དགེ་བ་བཞི་ལས་རྒྱུན་དུ་རྫུན་སྨྲས་པས་རང་གི་ཚིག་ལ་གཞན་གྱིས་ཡིད་མི་ཆེས་བ་དང་། ཕྲ་མ་སྨྲས་པས་རང་ཉིད་གཞན་དང་མི་མཐུན་པར་འགྱུར་བ།  ཚིག་རྩུབ་སྨྲས་པས་རང་ལ་མི་དགའ་བའི་དགྲ་ཇེ་མང་དུ་འགྱུར་བ། ངག་ཀྱལ་སྨྲས་པས་རང་སེམས་ཟང་ཟིང་དང་མི་བརྟན་པར་འགྱུར་བ་བཅས་ཀྱི་ཉེས་པ་མང་པོ་ཡོད་པས་ན་ན་ཚོད་བགྲེས་པ་རྣམས་ཀྱིས་གོང་གི་མི་དགེ་བ་བཞི་མིག་བཞིན་བསྲུང་ཞིང་དགེ་བ་བཞི་ཚུལ་བཞིན་བླངས་དགོས་ལ།  རབ་ཡིན་ན་གསང་སྔགས་རྒྱུད་སྡེ་བཞིའི་ཡི་དམ་དང་།  ཆོས་སྐྱོང་གི་མཆོད་དབྱངས་སུ་གྱུར་བ་དང་དེ་བཞིན་དུ་ཆོས་འདོན་པ་དང་ཆོས་ཀློག་པ་སོགས་ངག་གི་དབྱངས་ཐོབ་པར་བརྩོན་དགོས། འབྲིང་ཞིག་ཡིན་ན་གཏམ་བཤད་གླུ་ལེན་དང་བཤད་པ་གཤགས་འབྱེད་སོགས་ཀྱི་ངག་རྩལ་རྣམས་ལ་མཁས་པ་མ་ཟད་སྨྲས་པ་སྒྲ་གསལ་བ་དང་།  གདངས་སྙན་པ།  དོན་བཟང་བ།  ཉན་པ་པོ་ཉན་པར་སྤྲོ་བ་བཅས་ཀྱི་དགེ་མཚན་ནམ་ཡོན་ཏན་དང་ལྡན་དགོས།  མ་མཐར་ཡང་ཉིན་རེར་བཞིན་རང་ཉིད་ཀྱིས་རང་ཉིད་ཀྱི་སྨྲ་བ་ངག་གི་ཚུལ་ལ་ཞིབ་བཤེར་ཐེངས་རེ་བྱས་ཏེ་ངག་གི་བྱེད་པ་གང་ཡང་མི་དགེ་བའི་ཕྱོགས་སུ་མི་འགྲོ་བར་དགེ་བ་ཅི་ནུས་ཀྱིས་གསོག་ཅིང་སྦྱོར་བ་དོན་གྱུར་གྱིས་ལག་ཏུ་ལེན་ཐུབ་པ་བྱུང་ན་རྒན་པོའི་ངག་གི་སྒོ་ནས་ནད་མེད་ཚེ་རིང་ཡོང་བ་ལ་ཤིན་ཏུ་སྨན་ནོ།།


X