>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

དུང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 8:42:05 ཀློག་གྲངས། 36

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དུང་གིས་རྣག་སྐེམ་འགྱིངས་འབིགས་རུས་ཚད་སེལ།། ཞེས་པ་ལ་མིང་། ཤཾ་ཁ། དུང་། ཛ་ལ་ཛ། ཛ་ཆུ་སྐྱེས། ཛ་ལ་ཀ་རཾ་ཀ ཆུ་ཀ་རཾ་ཀ སཱི་ཙི་ཀ་མུ་ཁ། ཁབ་ཀྱི་ཁ། ཀམྦུ་ར་དང་། ནི་བུ་ཤ་ནི་རྣམས་ཟེར། འདི་ལ་རིགས་ལྔ་འབྱུང་བ་སྟེ། མཆོག་འབྲིང་དམན་གསུམ་དུ་ཕྱེ་ན། དཀྵི་ཌྷྜྷཱ་ཝརྟ་ཤཾ་ཁ་ཞེས་པ་དུང་གཡས་སུ་འཁྱིལ་བ་སྟེ་འདི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དུང་སྐྱེ་བ་ལྔ་པ་ཡིན་པར་བཤད། ཁ་དོག་ཀུནྡ་ལྟར་རབ་ཏུ་དཀར་བ་འབྱུང་། འདི་བཀྲ་ཤིས་པའི་རྫས་ཏེ། བརྒྱ་བྱིན་བྲམ་ཟེ་སྐར་རྒྱལ་དུ་སྤྲུལ་ནས་བཅོམ་ལྡན་འདས་ལ་ཕུལ་བའི་རིགས་སོ།། གཟི་དུང་ཞེས་དུང་མཇུག་འབུད་ཁའི་ཕྱོགས་ཕྲ་ལ་རིང་བ། ཁ་དོག་གཟི་སེར་ཁྲ་འདྲ་བར་ཁྲ་བ་འདི་གཉིས་བཟང་བས་སྔ་མ་མཆོག་དང་ཕྱི་མ་རབ་ཡིན། སི་ཏ་ཤཾ་ཁ་འམ། ཤཾ་ཁ་ཝརྟ། ཞེས་པ་དུང་དཀར་རམ། དུང་འཁྱིལ་བ་སྟེ། ཡོངས་གྲགས་དུང་དཀར་འདི་སྟེ་འབྲིང་བའོ།། ཀཎྡྲ་ཤཾ་ཁ།། ཞེས་པ་དུང་ཚེར་མ་ཅན་ནམ། དུང་རྭ་ཅན་ཟེར་ཏེ། དུང་གི་ཕྱི་ལ་གཟུགས་མོ་བྱི་ཐུར་འདྲ་བའི་དུང་གི་ཚེར་མས་ཁྱབ་པ་ཞིག་འབྱུང་བ་དང་། རཀྟ་ཤཾ་ཁ་ཞེས་དུང་དམར་ཏེ། སིནྡྷུ་རའི་མདོག་འདྲ་བ་ཞིག་འབྱུང་ཞེས་པ་རྣམས་རིམ་པས་ཞན་པའོ།། འདི་རྣམས་ཡུལ་མཱ་ར་ཤ་ཏི་དང་། སི་ཀོ་དྷ་ར་དང་། རྡོ་བ་རི་ཀ་ལ་སོགས་ཀྱི་རྒྱ་མཚོའི་ནང་ནས་འབྱུང་བའོ།། རིན་ཐང་ནི། གཡས་འཁྱིལ་ལ་གསེར་སྒོར་བརྗེ་བྱེད་པ་དང་། ཕྱི་མ་བཞི་ལ་དངུལ་སྲང་གང་དང་། དེ་ལས་རིམ་པས་ཞོ་དོ་རེ་འབྲི་བར་བྱེད་པའོ།། འདི་རུས་ཚད་སྐབས་མ་གཏོགས་སོལ་མེར་དཀར་སངས་ཚོས་པར་བསྲེག་དགོས། སྨན་ལ་དུང་དཀར་ཡོངས་གྲགས་ལེགས་ཞེས་གསུངས།
   རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། དུང་ནི་བུ་ཤ་ནི། འཁྱིལ་བྱེད། དཀར་བྱིན། རྩལ་པོ་ཆེ་ཟེར་རོ་བསྐ་ཞུ་རྗེས་བསིལ་དུ་འདོད།།
   སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། དུང་ཡང་རོ་བསྐ་ཞུ་རྗེས་བསིལ་བ་སྟེ།། ནུས་པས་རྣག་སྐེམ་འགྱིང་བ་འབིག་བྱེད་ཅིང་།།
   མཛེས་མཚར་མིག་རྒྱན་ལས། དུང་ནི། རྒྱ་སྐད་དུ་ཤཾ་ཁ་དང་གབ་མིང་ཆུ་སྲིན་གཤིན་རྗེ་ཟེར། རྒྱ་གར་གྱི་མཚོ་ལས་འབྱུང་བའི་ཤུན་པ་ནག་པོའི་རུས་ཏེ་གཡས་འཁྱིལ་བ་ནི་ཤིན་ཏུ་དཀོན། འདི་སྐྱེ་བ་གཞན་གྱིས་བར་མ་ཆོད་པའི་དུང་སྐྱེ་བ་ལྔ་པ་ཡིན་པར་རིན་པོ་ཆེའི་བསྟན་བཅོས་སུ་བཤད་ཅིང་། བྲམ་ཟེ་སྐར་རྒྱལ་གྱིས་བཅོམ་ལྡན་འདས་ལ་ཕུལ་བའོ།། གཡོན་འཁྱིལ་ལ་ཁ་རིང་ཕྲ་མོ་ཤིན་ཏུ་དམར་དངས་ཅན་དམར་གཟི་དང་། སྤྱིའི་དུང་དཀར་རྣམས་སྨན་ཁོ་ན་ཡིན་ལ་ཚེར་མ་ཅན་དམན་པ། དེས་རྣག་སྐེམ་འགྱིངས་འབིགས་རུས་ཚད་མིག་ལ་ཕན།།

གོང་ངོས། ཡིག་ཆ་མི་འདུག
X