>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

པདྨ་རཱ་ག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 10:24:16 ཀློག་གྲངས། 88

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། པདྨ་རཱ་གས་ནད་དང་གདོན་ཀུན་འཕྲོག། ཅེས་པ་ནི། པདྨ་རཱ་གའམ། པདྨ་རཀྟ་ཞེས་པདྨ་དམར་པོ་སྟེ། འདི་ལ་རིགས་དགུ་ཡོད་པ་ནི། པདྨ་རཀྟ་དང་། པུཥྤ་རཀྟ་དང་། ཛ་ཏི་རཱ་ག་དང་། ལླ་ལ་རཱ་ག་དང་། མུ་ལ་རངྒ་རཀྟ་དང་། ཧ་རི་གཽ་རི་དང་། པུག་དང་། བི་ཛ་ཡ་དང་། གཽ་མོ་ད་དང་དགུའོ།། པདྨ་རཀྟ་ནི་མདོག་ངུར་དམར་རང་འོད་ཀྱིས་སོར་གསུམ་དུ་ཁྱབ་པ། མཐེབ་མཛུབ་ཀྱིས་འདུས་པའི་ཚད་ཙམ་ཡོད། པུཥྤ་རཀྟ་ནི། མདོག་དམར་སྨུག་ཁ་དོག་གཅིག་ལས་འོད་ཟེར་རང་ལས་བདུན་འགྱུར་ཙམ་པ་གསུམ་འབྱུང་བ་ཆེ་ཚད་མཐེབ་མཛུབ་ཀྱིས་འདུས་པ་ཙམ། ཛ་ཏི་རཱ་ག་ནི། སྤྲིན་དམར་མཆེད་པའི་མདོག་ཅན་འོད་ཁྲུ་གང་ཙམ་གྱི་ཚད་ཙམ་དུ་ནར་མོར་འགྲོ་བ་ཆེ་ཚད་ཀྱང་ཙུ་ཏའི་འབྲུ་ཙམ་ཞིག་འབྱུང་། ལླ་ལ་རཱ་ག་ནི། ཁ་དོག་སོལ་བ་ལ་མེ་མཆེད་པ་འདྲ་བ་འོད་སོར་གསུམ་ཙམ་ཕྱོགས་གཅིག་ཁོ་ནར་འབྱུང་བ་ཆེ་ཆུང་མཐེབ་སྐོར་མོས་ཚུད་པ་ཙམ་འབྱུང་། མུ་ལ་རཾ་ག་རཀྟ་ནི། སེ་འབྲུའི་འབྲས་བུ་ཤིན་ཏུ་སྨིན་པའི་མདོག་ཅན། འོད་ཀྱང་ཁྲག་གི་མདོག་ཏུ་འབྱུང་བ་ཆེ་ཆུང་མཐེབ་ཆེན་ཙམ་འབྱུང་ངོ་།། ཧ་རི་གཽ་རི་ནི། གོས་ཆེན་དམར་སྨུག་ཤིན་ཏུ་དངས་པའི་མདོག་ཅན་བསྒྱུར་བ་ན་འོད་དམར་པོ་དང་སེར་པོ་གཉིས་ཀ་འབྱུང་བ་ཆེ་ཚད་སྲན་མ་འཕོས་པ་ཙམ་འབྱུང་། པུག་ནི། མདོག་རབ་ཏུ་དམར་བ་འོད་ཟེར་སེར་པོ་སོར་དོའི་ཚད་ཙམ་ཕྱོགས་གཅིག་ཏུ་འགྲོ་བ་ཆེ་ཚད་མཐེབ་མཛུབ་གཉིས་ཀྱི་རྩེས་འདུས་པ་ཙམ། བི་ཛ་ཡ་ནི། མེའི་མདོག་ཅན་འོད་ཟེར་སོར་གང་གི་ཚད་ཙམ་ཕྱོགས་གཅིག་ཏུ་འགྲོ་བ་ཆེ་ཚད་སེ་འབྲུའི་འབྲས་བུ་ཙམ། གཽ་མོ་ད་ནི། ཕྱི་མཆིན་ཁ་ལ་ནང་མེ་ལྟ་བུ་ས་ལ་བཞག་ན་འོད་མི་འབྱུང་ལ་མཁའ་ལ་བཏེག་ན་འོད་འབྱུང་བ་ཆེ་ཆུང་ཚད་ངེས་པ་མེད། དེ་རྣམས་ནི་གཙོ་བོ་སིང་ག་ལ་ནས་འབྱུང་། པུག་ནི་སྶྐྲྀ་ས་ཝ་ཏི་ནས་འབྱུང་། གོང་ཐང་གི་ཚད་ནི་བཟང་ཤོས་དང་། ཧ་རི་གཽ་རི་ལ། གླང་པོ་ཆེའི་སྟེང་ནས་རྡེའུ་ཚག་འཕེན་གྱིས་བསྐྱུར་བ་ས་ལ་ཕོག་ཚུན་ཐང་མར་གདལ་བའི་ཚད་ཀྱིས་གསེར་རི་ཞེས་གོང་མེད་པའི་ཚད་དུ་བཤད་པ།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། པདྨ་རཱ་ག་ལ་ལོ་ཧི་ཏ་ཀ་རིན་ཆེན་དམར་པོ།
   སྨན་གྱི་ངོས་འཛིན་སྐོར་ལས་འཕྲོས་པའི་དོགས་སེལ་ཕྲན་བུ་ལས། པདྨ་རཱ་ག་དམར་པོ་རྒྱ་སྐྱེགས་མདངས་ཅུང་ཡོད་ཅིང་ཁ་དོག་མཆོག་ཏུ་གསལ་བ།
   འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོ་བུམ་བཟང་ལས། རིན་ཆེན་ཞེ་མིག་ནི་མདོག་དཀར་ལ་སེར་ཉམས་ཅན་པདྨ་རཱ་ག་མཆོག  སོག་པོ་པད་རག་དམན་པ།
   མཛེས་མཚར་མིག་རྒྱན་ལས། པདྨ་རཱ་ག་ནི། སིང་ག་ལ་དང་སྶྐྲྀ་ས་ཝ་ཏི་ནས་འབྱུང་བ་མདོག་དམར་རང་འོད་ཀྱིས་སོར་གསུམ་དུ་ཁྱབ་པ་ཤིན་ཏུ་དམར་པོ་མཆོག སྨུག་པོ་འབྲིང་། སེར་རམ་མཆིན་ཁ་ལ་འོད་སེར་པོ་བུག་ཅེས་པ་དམན་པ་ཡིན།

གོང་ངོས། པ་ཏྲ།
X