//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > ཡིད་ཀྱིས་ཚེ་བསྲིང་། > ནང་དོན།

དར་མའི་ཡིད་ཀྱི་སྒོ་ནས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-15 15:33:42 ཀློག་གྲངས། 21 

འཇིག་རྟེན་ཞི་བདེ་དང་འཆམ་མཐུན་ལོངས་སྤྱོད་ཀྱིས་དུས་རབས་ཤིག་གི་རྩེ་མོར་བསྙེག་དགོས་ན་བྱང་ཆུབ་སེམས་ཀྱིས་བརླན་པའི་མི་གཤིས་བཟང་པོ་ཞིག་མི་གང་གི་རྒྱུད་ལ་ཆགས་པར་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་ནི་ཐོག་མར་མི་རང་རང་ནས་མགོ་བརྩམས་ཏེ་འཇིག་རྟན་མི་ཆོས་དང་དམ་པ་ལྷ་ཆོས་ཀྱི་ཕྱོགས་ལ་བློ་སྦྱོང་དཔྱིས་ཕྱིན་པ་ཞིག་བྱ་དགོས་པ་མ་ཟད་ཡིད་ཀྱི་སྒོ་ནས་མི་དགེ་བའི་ལས་བརྣབ་སེམས་དང་གནོད་སེམས། ལོག་ལྟ་གསུམ་མིག་བཞིན་བསྲུང་ཞིང་དགེ་བ་ཚུལ་བཞིན་བླང་དགོས་པ་སྟེ།  མངོན་པ་མཛོད་ལས།  དེ་ཡང་གཞན་གྱི་ནོར་ལ་བརྣབ་སེམས་སྐྱེས་པས་དེའི་འབྲས་བུ་རང་གི་རེ་བ་རྣམས་འགྲུབ་ལ་ཁད་དུ་མི་འགྲུབ་པར་འགྱུར་བ་དང་། གཞན་ལ་གནོད་སེམས་སྐྱེས་པས་རང་ཉིད་ས་ཕྱོགས་གང་དུ་གནས་ཀྱང་འཇིགས་སྐྲག་གི་ངང་དུ་གནས་དགོས་པ།  ལས་འབྲས་དང་དཀོན་མཆོག་ལ་ལོག་ལྟ་སྐྱེས་པས་ཡུལ་དེར་རང་བྱུང་གི་གནོད་འཚེ་མང་།  ཞེས་གསུངས་པ་དག་ནི་ཡིད་ཀྱི་ལས་མི་དགེ་བ་བྱས་པས་རྒྱུན་མཐུན་གྱི་འབྲས་བུ་ཡིན་པ་གསལ་བོར་བཀོད་ཡོད་ལ།  དེ་ནས་དགེ་བ་གསུམ་ཚུལ་བཞིན་བླངས་པས་འབྲས་བུ་ལ།  རྫ་དཔལ་སྤྲུལ་རིན་པོ་ཆེས།  བརྣབ་སེམས་སྤངས་པས་བསམ་དོན་འགྲུབ།  གནོད་སེམས་སྤངས་པས་འཚེ་བ་དང་བྲལ།  ལོག་ལྟ་སྤངས་པས་ལྟ་བ་བཟང་པོ་རྒྱུད་ལ་སྐྱེ་བ་སོགས་གསུངས་པ་བཞིན། དར་མ་རྣམས་གོང་གི་མི་དགེ་བའི་ལས་གང་རུང་གི་དབང་དུ་མ་སོང་བར་ཕ་མ་ལ་དྲིན་མཇལ་དང་སྐྱེས་བུ་དམ་ལ་བསྙེན་བཀུར་དང་བཀུར་སྟི། ནང་མི་ཉེ་འཁོར་ལ་འགྲིག་མཐུན། ཡོན་ཏན་ཅན་ལ་མཐོང་ཆེན་བྱེད་པ་དང་། ལྷག་པར་དུ་འབུ་སྲིན་གྲོག་མ་དང་སྡིག་ཅན་ལག་དམར་སོགས་ལའང་ཕན་པའི་སེམས་བསྐྱེད་ཡང་ཡང་སྔོན་དུ་བཏང་ན་རང་གི་སེམས་ཁམས་སྐྱིད་པོ་དང་ནད་མེད་ཚེ་བསྲིང་ཡོང་པ་མ་ཟད་འགྲོ་བ་མིའི་རིགས་ཡོངས་ཀྱི་སེམས་ཁམས་རྒྱུན་ལྡན་ངང་ཚེ་ལོ་མཐར་ཕྱིན་པར་ཕན་ནུས་སམ་དགེ་མཚན་བླ་ན་མེད་དོ།།


X