>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རིན་པོ་ཆེའི་སྨན། > > ནང་དོན།

ཟངས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-25 14:53:07 ཀློག་གྲངས། 17

   བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ།། ཞེས་དང་།རང་བྱུང་པས། ཟངས་ཀྱིས་དམུ་རྫིང་སྐེམ་པར་བྱེད།། ཅེས་དང་། མན་ངག་ཏུ། ཟངས་ནི་རོ་མངར་ཞུ་རྗེས་དང་། ནུས་བསིལ་གློ་བའི་རྣག་ཆུ་སྐེམ།། ཞེས་པའི་མིང་ནི། ཤཱུ་ལཾ། ཝ་རིཥྛ། དྭྱཥྠ། དུམྦར། ཏཱམྲཾ། ཟངས་མ། སཱི་གཱ་གོ ཉི་མའི་ལུས། རི་ཥྛཾ། འཇོན་དམར། ཨུ་དུམྦ། དམར་མཆོག རཀྟི། དམར་པོ། བངྱཥྚོ། གཉིས་བརྒྱད། མླེཙྪ་མུ་ཁཾ། ཀླ་ཀློའི་ཁ། མུ་ནི་བརྟེ་ལཾ། ལོ་ཧི་ཏཱ་ཡཿ། ལྕགས་དམར། ས་རི་ཏྲཾ། ཡོངས་སྐྱོབ། ཤུལྦ་བ། སི་ཧི་ར། ཞེས་པ་རྣམས་དང་། ཡུལ་སྐད་དུ། ཏཾ་མེ་ཧ་ར། གབ་མིང་དུ། དམར་ཐལ། བརྡ་རྙིང་དུ། དམར་རུག ཧོར་གྱིས། རྫས་སི་རྣམས་མིང་སྟེ། འདི་ལ་རིགས་ནི་མཆོག་གཅིག་ཕལ་པ་གཉིས་དང་གསུམ་འབྱུང་། མཆོག་ནི་རང་བྱུང་ཟངས་ཞེས་ས་འོག་ནས་རང་བྱུང་གསེར་ལྟར་འབྱུང་། ད་ལྟ་བོད་དུ་ལྷ་རྩེ་དང་གཙང་ཇོ་ནང་གི་ཉེ་ཆ་ཞིག་ཏུ་ཡོད་པར་གྲགས། ཕལ་པ་གཉིས་ནི་རྡོ་ལས་འབྱུང་སྟེ། རིན་ཆེན་སྤུངས་པ་ལས། ཟངས་ནི་སྤང་མ་དག་ལས་འབྱུང་།། ཞེས་པས་སྤང་མཐིང་དང་ཟངས་རྡོ་ཕན་ཚུན་རྒྱུད་གཅིག་པར་མཐོང་། དོན་ལ་རྡོ་བཞུ་བ་ཁོ་ནས་འབྱུང་། དེ་ཡང་ཁ་དོག་དམར་ནག་གྱོང་ལ། བརྡུངས་ཚེ་སྐད་ངན་པ་ལ་ལྕགས་ཟངས་སམ་ཕོ་ཟངས། དམར་ལ་མཉེན་པ་བརྡུངས་ཚེ་སྐད་བཟང་བ་ལ་གསེར་ཟངས་སམ་མོ་ཟངས་ཡིན། ཟངས་རྡོ་སླད་ཡོད་པ་དུག་ཅན་ཏེ། དེ་ནི་སེག་བརྡར་གྱིས་བརྡར་ཕྱེར་རྒྱ་ཚ་ཆང་བཅས་སྦྱར་ནས་དཀར་ཡོལ་ནང་ན་ཡུན་དུ་བཞག་ཚེ་ཞུ་ནས་སྤང་མ་ལྟར་གྱུར་པ་ཆུས་བཀྲུས་པ་མ་ཞུ་བའི་རྡོ་ནག་ལྕི་བ་སྙིགས་མར་ལུས་པའི་ཟངས་དེ་སྤང་བྱ། སྨན་གྱི་སྐབས་སུ་ཕལ་ཆེར་ཐལ་སྨན་བྱ་དགོས། རང་བྱུང་པས། ཟངས་ཐལ་ཆུ་སེར་མ་ལུས་སེལ།། ཞེས་དང་། རིན་ཆེན་སྐབས་སུ། ཟངས་ཐལ་མེད་ན་ལུས་ལ་རྔུལ་མི་ཆགས།། ཞེས་དང་། མན་ངག་ཏུ། ཟངས་ཐལ་རྣག་དང་ཆུ་སེར་སྐེམ།། ཞེས་སོ།། སྐབས་འགར། ཟངས་དྲེག་ཅེས་པ་ནི། ཟངས་མགར་བས་བསྲེགས་ལ་བརྡུངས་པའི་དྲེག་པ་ཡིན། འདིས་འོར་དམུ་ཆུ་གློ་རྣག་ལུས་ཀྱི་ཆུ་སེར་སྐེམ་ལ་ཚབས་ནད་ལ་ཕན། ཟངས་སྣོད་མེས་གདུངས་པའི་དྲེག་པ་ལ་བྱེད་པ་ནོར།
   སྨན་མིང་རྒྱ་མཚོ་ལས། ཟངས་ཀྱིས་དམུ་རྫིང་སྐེམས་པར་བྱེད།།
   རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཟངས་མེ་རི་ཧ། རིན་ཆེན་དམར་ལྡན། དབང་ཕྱུག་དམར་མདོག་ཟེར་རོ་མངར་ཞུ་རྗེས་བསིལ་ཡིན་ཏེ།། གློ་རྣག་སྐེམས་ཤིང་ཚ་ཆུ་སྐེམ་པར་འདོད།།
   མཛེས་མཚར་མིག་རྒྱན་ལས། ཟངས་ནི། རྒྱ་སྐད་དུ། ཏཱ་ཟེར། ས་འོག་ནས་རང་འབྱུང་བའི་ཟངས་གསེར་ལྟ་བུ་དཀོན་ཞིང་ཟངས་རྡོ་ཡིན། ཟངས་རྡོ་ལས་འབྱུང་བའི་དམར་པོར་གསེར་ཟངས། ནག་པོར་ལྕགས་ཟངས་ཞེ། ཟངས་སྣོད་ལ་ཞོ་བསྙལ་ནས་བཞག་པའི་གཡའ་ལ་མིག་སྨན་དུ་སག་རྩི། སག་རམ་རྩི་ཟེར། དེས་ཤ་རོ་གཅོད། ཟངས་ཐལ་གྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ།།

གོང་ངོས། ཡིག་ཆ་མི་འདུག
X