>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

གངས་ཐིགས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-28 15:17:50 ཀློག་གྲངས། 48

      བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གངས་ཐིགས་དེ་བཞིན་མཆིན་པའི་ཚ་བ་སེལ།། ཞེས་པར།། རང་བྱུང་པས། གངས་ཐིགས་འབྲུམ་པའི་ཆུ་སེར་སྐེམས།། ཞེས་པ་ལ། རབ་དངོས་གཞི་དང་། དམན་པ་ཚབ་གཉིས་ལས། རབ་ནི་བསྐལ་པའི་གངས་ཆགས་ཏི་སེ་ལ་སོགས་པ་རྣམས་ལས་འབྱུང་ལ། ངོ་བོ་ནི། གངས་དེ་རྙིང་ནས་ཡུན་ལོན་པ་རྡོར་གྱུར་པ་དང་། ཞུ་བའི་ཐིགས་པ་འོག་གི་ས་རྡོ་ལ་དྲེག་པ་འཁར་བ་ལྟར་གོང་བུར་འདྲིལ་བ། དབྱིབས་ཅོང་ཞི་འདམ་བཏགས་འདྲ་ལ་དཀར་བ་ཟོས་ན་རོ་ཅུང་ཟད་མངར་ཞིང་སོ་མི་སེག་པ་དེ་ཡིན། མ་རྙེད་ན་ཚབ་ལའང་གཉིས་ཏེ། སྲིབ་མཐོན་ཁ་བྱང་དུ་བལྟ་བའི་བྲག་ཕུག་མཐོ་ལ་བསིལ་བ། དབྱར་གཞུང་བར་ཁ་བ་མི་འཇུའི་ཕུག་པའི་སར་དབྱར་ཉི་མ་མི་ཕོག་པར་བྲག་གི་ཐིགས་ཆུ་གོང་བུར་ཆགས་པས་རྡོ་གཞན་དང་གཞན་དག་འབྱར་བར་སྔ་མ་ལྟར་ཆགས་པ་དེ་ནུས་མཚུངས་གསུངས་པ་དང་། དེ་ཡང་མ་རྙེད་ན། སའི་གཏིང་ནས་དམ་དུམ་འབྱུང་བའི་རྡོ་དཀར་པོ་མོ་ཅོང་ལྟ་བུ་ཟོས་ན་སོ་མི་སེག་པ་ཆུར་འདུལ་ན་ཆུ་དང་མི་འདྲེས་པ། བསྲེགས་ནས་ཆུར་སྦྱངས་ན་ཞོ་ལྟར་འགྲོ་བས་མིང་ལྷ་ཞོ་དང་། དཀར་པོ་རྡོ་མཆོག་ཟེར་བ་དེས་ཚབ་བྱེད་པར་འདུག།
   རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། གངས་ཐིགས་ལ་རིགས་གཅིག་ལས་མེད། མིང་ནི། ལྷ་ཞོ་སོགས་ཏེ་རྡོ་སྨན་ཡིན་ལ། ཡ་བཀྵ་ར་རྒོད་པོ་ལ་གངས་ཐིགས་ཞེས་བཏགས་ནས་མ་ཞུ་བ་སོགས་ལ་གཏོང་བ་ནི་སྨན་བསིལ་དྲོད་ཀྱི་དོན་སྤྱི་ཙམ་ཡང་མི་ཤེས་པའི་བླུན་ལུགས།
   མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ལྷ་ཞོགངས་ཐིགས
   སྨན་མིང་རྒྱ་མཚོ་ལས། གངས་ཐིགས་འབྲུམ་པའི་ཆུ་སེར་སྐེམ།།
   རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། གངས་ཐིགས་རོ་བསྐ་ཞུ་རྗེས་བསིལ་དུ་འདོད།། རུས་ཆག་གསོ་ཞིང་མཆིན་ཚད་གསོ་བར་བྱེད།།
   འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། གངས་ཐིགས་མཆོགའཇམ་རྩུབ་རྭ་འདྲ་བ་ཟུར་ལུགས་མདུང་རྩེ་ནག་པོ། གངས་ཐིགས་དམན་པ།
   མཛེས་མཚར་མིག་རྒྱན་ལས། གངས་ཐིགས་ནི་ཤེལ་དཀར་ཐིགས་པ། ལྷ་ཞོ་ཟེར། གངས་རི་སོགས་ཀྱི་གངས་ཡུན་ལོན་པས་རྡོར་འགྱུར་པ་འཁྱག་རོམ་དབྱར་མི་འཇུ་བ་དང་། ཉི་མ་མི་ཕོག་པར་རྡོ་སོགས་ལ་གོང་བུར་འདྲིལ་བ། ཅོང་ཞི་འདམ་བཏགས་འདྲ་བ་རོ་མངར་སོ་མི་སེག་པ་རབ་ཡིན། མ་རྙེད་ན། བྱང་དུ་བལྟ་བའི་བྲག་ཕུག་བསིལ་བར་གངས་མི་འཇུ་བས་གྱུར་པ་དང་། ཕལ་བ་ནི། ས་འོག་ནས་འབྱུང་བའི་རྡོ་དཀར་པོ་མོ་ཅོང་ལྟ་བུ་སོ་མི་སེག་ཅིང་། ཆུར་མི་འཇུ་བ། བསྲེག་ནས་ཆུར་སྦྱངས་ན་ཞོ་ལྟར་འགྲོ་བས་ཚབ་རུང་བར་གསུངས། ད་ལྟ་རྒྱ་ནག་ཏུ་རྡོ་ས་བསྲེ་བའི་འཇམ་འབོལ་ལུ་ཀན་ཤི་ཟེར་བ་མིག་ལ་རབ་ཏུ་ཕན་པར་ཨ་མྲྀ་ཏ་དང་རྒྱ་ནག་ཡིག་ཆར་བྱུང་། དེ་ཡང་མིག་སྨན་ཁོ་ནར་འདུལ་བར་དགོས། དངོས་ཀྱིས་མཆིན་ཚད་སེལ།

གོང་ངོས། ཡིག་ཆ་མི་འདུག
X