>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

ཅོག་ལ་མ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-28 16:35:03 ཀློག་གྲངས། 62

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཅོག་ལ་མ་ཡིས་རྩ་དང་ལྷ་བ་འཛིན།། ཞེས་པ། འདི་རྒྱ་གར་རྒྱ་ནག་གི་མཚལ་ཅོག་ལ་མ་སྟེ། རང་བྱུང་གི་མཚལ་རྒྱ་ཁབ་གཤིབས་པ་འདྲ་ལ་ཁ་དོག་སྨུག་ཤས་ཅན། བཟོ་བླུགས་བྱས་པའི་ཉམས་མེད་པ་ལ་རང་བྱུང་གི་རྟགས་སུ་རྡོ་རྩི་གཞན་འབྱར་བ་དེ་ཡིན། འདི་སྐབས་ཁ་ཅིག་གིས་ཅོག་ལ་མ་དང་། ད་ཆུ་གཉིས་གཅིག་ཏུ་བསྡུས་པ་དང་། ད་ཆུ་རྡོ་ཆུ་ལ་བསྒྱུར་བ་དང་། གཉིས་ཀ་མཚལ་དུ་སོང་བ་ཟློས་སྐྱོན་དུ་འདུག  རྒྱུད་ཀྱི་ཡི་གེ་མ་དག་པ་ཡིན་ཞེས་བཅོས་པའི་མི་ཚད་ཉབ་ཉོབ་མང་དུ་བྲིས་འདུག་ཀྱང་ཐལ་སྐྱོན་ནོ།། རྒྱུད་དཔེ་སྤར་བྲིས་མང་པོ་ཐམས་ཅད་དག་པར་ཞལ་འཆམས་པ་དང་། སྨན་ངོ་སོ་སོར་ངོས་འཕྲོད་པ་ལ་བཅོས་དོན་མ་བྱུང་མོད།
   སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཅོག་ལ་མ་ལ། རང་གྲུབ་དང་དངུལ་ལྡོང་རོས་སོགས་ལས་བཟོས་པ་ལུགས་སུ་བླུག་པའི་རྣམ་པ་གཉིས་ཀ་དམར་ནག་རྒྱ་ཁབ་གཤིབས་འདྲ་འོད་ཅན་ཏེ། དེས་རྩ་དང་ལྷ་བ་འཛིན།
   འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། ཅོག་ལ་དཀར་པོ། ཅོག་ལ་ནག་པོ།
   མཛེས་མཚར་མིག་རྒྱན་ལས། ཅོག་ལ་མ་ནི། མཚལ་རྒོད་དང་། རྒྱ་གར་ནག་ལས་འབྱུང་བའི་ཕྱིར་རྒྱ་མཚལ་ཡང་ཟེར། རང་འབྱུང་གི་རྡོ་དམར་ལ་སྨུག་ཤས་ཆེ་བས། རྒྱ་ཁབ་གཤིབས་འདྲ། བཞུ་བས་དངུལ་ཆུ་འབྱུང་བའོ།། བོད་པས་སྨུག་པོར་མཆོག་ཏུ་བཞེད་ཀྱང་ཤིན་ཏུ་དམར་པོ་དངས་ཅན་དེ་ཤིན་ཏུ་དཀོན་ལ་ནུས་པ་རབ་ཏུ་བཟང་།

གོང་ངོས། ཡིག་ཆ་མི་འདུག
X