>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

ཅོང་ཞི།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 9:39:55 ཀློག་གྲངས། 110

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཅོང་ཞིས་འཁྲུ་གཅོད་བད་ཀན་ཚ་བ་སེལ།། ཞེས་པ་ལས། དཔག་བསམ་ལྗོན་ཤིང་ལས་ཅོང་ཞིས་མཆོག་ཏུ་གྲང་ནད་སེལ།། ཚ་བ་ཀུན་སེལ་བདུད་རྩི་འདྲ།། སྙོམས་པར་བྱེད་ལ་ཞུ་རྗེས་དྲོ།། ཞེས་དང་། རང་བྱུང་རྡོ་རྗེས། ཅོང་ཞིས་རུས་པའི་དངས་མ་གཅོད།། ཅེས་གསུངས། མིང་ནི། ཤེ་ལོ་ད་ཀ མཚན་མོའི་འོད་ཅན། གཅོང་ནད་གཅིག་ཐུབ། ཟླ་བའི་བུ། ལྷ་བུའི་ཁམས། རྡོའི་དངས་མ། རྡོ་བཅུད། སྲིད་པའི་ཁམས། རྡོའི་ད་བྱིད། རུས་པའི་གསོས། རྡོའི་ཚིལ་བུ། ཚིལ་བུ་དར་ཡ་ཀན། སྲིད་པའི་བྱང་སེམས་དཀར་པོ་རྣམས་ཟེར། བྱུང་ཁུངས་ནི།
     མ་ལ་ཡའི་དཀའ་འགྲེལ་ལས། བྱུང་ཁུངས་བསྐལ་བའི་དང་པོ་ལ།། ལྷ་བུ་ཡིད་བཞིན་ནོར་བུ་དེ།། གངས་རི་ནགས་འདབ་མཚོ་འགྲམ་དང་།། འགྱིང་བྲག་དཀར་པོའི་སྟེང་དུ་བྱོན།། ལྷ་ཀླུ་སྡེ་བརྒྱད་བུ་མོ་མཐོང་།། འགྱིང་འགྱུར་འཇོ་སྒེག་བྱད་ཀྱི་མདངས།། ནུ་མའི་གར་དང་པདྨའི་འགྲོས།། མཐོང་བས་ཡིད་གཡོས་སྐུ་ལ་འཁྱུད།། ཞལ་གྱིས་ལྗགས་གཞིབས་མོད་ལ་ནི།། ཀུན་ནས་ཁམས་གཡོས་དཀར་དམར་ཤོར།། དཀར་པོ་འགྱིང་བྲག་སྟེང་དུ་བབས།། རྡོ་ལས་དྲོད་སྐྱེས་ཚིལ་བུར་ཆགས།། མིང་ཡང་བདུད་རྩི་ཅོང་ཞི་ཟེར།། གཅོང་ནད་རྒྱུ་དང་མ་ཞུ་དང་།། བད་སྨུག་མཁྲིས་པ་དུག་གྲང་རིགས།། སྐྲན་དང་སྐྱ་རྦབ་འོར་དམུ་ཆུ།། མདོར་ན་གཅོང་ཆེན་སྡེ་བཞི་དང་།། ཟུང་བརྒྱད་ཕྲ་མོ་བཅུ་དྲུག་སོགས།། འདི་ཡིས་སེལ་ཕྱིར་ཅོང་ཞི་ཟེར་ངེས་ཚིག།  སྔོན་གྱི་དྲང་སྲོང་རྣམས་ཀྱིས་སྨྲས།། ཞེས་ཁུངས་དང་ངེས་ཚིག་ཡོན་ཏན་བཅས་བཤད་ཅིང་། དབྱེ་བ་ཡང་དེ་ཉིད་ལས། ཕོ་མོ་མ་ནིང་བུ་བུ་མོ།། རྩ་བའི་དབྱེ་བ་རིགས་ལྔ་ཡིན།། གཅོང་ཆེན་སྡེ་བཞི་ཟུང་བརྒྱད་ཕྲ་མོ་བཅུ་དྲུག་ནི། གསལ་བྱེད་སྒྲོན་མེའི་རྒྱུད་ལས། བད་མཁྲིས་ལྷེན་དང་ལྕགས་དྲེག་གཅོང་གི་སྡེ།། འཁྲུ་སྐྱུགས་འབྲས་དང་སཱིཪྻ་གཅོང་གི་སྡེ།། དྲེག་གྲུམ་ཆུ་སེར་ཐིག་ནག་གཅོང་གི་སྡེ།། འོར་དང་སྐྱ་རྦབ་དམུ་སྐྲན་གཅོང་གི་སྡེ། ཞེས་གསུངས་སོ།།  ཞེས་རྩ་བ་རིགས་ལྔར་གསུངས་པ་དེ་སོ་སོར་ངོས་འཛིན་ནི།།
     རྡོ་རྒྱུད་ལས། རྟ་སོ་བཅག་པ་ལྟ་བུ་ནི། མཁྲེགས་ཤིང་ལྕི་ལ་ཚིལ་བུ་འདྲ།། ཁྲག་མཁྲིས་འཇོམས་ཤིང་འདུས་ནད་སེལ།། ཐུབ་དཀའ་ན་སོ་དར་མས་བསྟེན།། ཞེས་ཕོ་ཅོང་དང་། བུ་ཅོང་དུ་གྲགས་པ་ནི། དེ་ཉིད་ལས། དཀར་པོ་གངས་ཐིགས་ཞེས་བྱ་བ།། སྐྱ་སོབ་སྣ་རིང་མཉེན་ལ་འབོལ།། ཆུ་ཚན་སྨན་ཆུ་ཡོད་སར་འབྱུང་།། བཅུད་ལེན་དག་ཏུ་བསྟེན་པར་བཟང་།། བད་ཀན་སྐྱ་སྨུག་སེར་པོ་དང་།། མགོ་ཆག་རྨ་ཡི་བདུད་རྩི་ཡིན།། འདི་གཉིས་ཕོ་ཅོང་རིགས་ཡིན། ཞེས་དང་། ཡང་སྨུག་ཟིལ་བ་ནུ་ལྟ་བུ་ནི།། གཡའ་དང་བྲག་གི་སྲུབ་ཏུ་འབྱུང་།། ནུས་པ་བདུད་རྩི་དངོས་དང་མཚུངས།། ནད་རྣམས་ཀུན་ལ་མཆོག་ཏུ་བཤད།། ཅེས་པ། མོ་ཅོང་དང་། ཡང་། གཡའ་འམ་བྲག་གི་སྲུབས་དག་ཏུ།། སེར་ལ་དྲེག་པ་ཆགས་པ་ནི།། སེར་པོ་ཉ་ལྕིབས་ཞེས་བྱ་སྟེ།། བཅུད་ལེན་ཤིན་ཏུ་ཆགས་པ་ཆེ།། མཁལ་ནད་ཅན་ལ་བདུད་རྩི་འདྲ།། འདི་གཉིས་མོ་ཅོང་རིགས་ཡིན། ཞེས་མ་དང་བུ་མོ་སྟེ་མོ་ཅོང་གཉིས་དང་། ཡང་། དཀར་དམར་སེར་ལ་སྣ་རིང་མཉེན། ཕོ་མོ་གཉིས་ཀས་བསྟེན་བྱས་ན། བདུད་རྩི་ལྟ་བུའི་ནུས་པ་ཡོད། མིང་ནི་མ་ནིང་ཚིལ་བུ་སྟེ། བཅུད་ལེན་རྣམས་ཀྱི་མཆོག་ཏུ་བཤད།། བསྔགས་པ་ཕོ་ལ་མོ་ཅོང་སྟེ།། མོ་ལ་ཕོ་ཅོང་མཆོག་ཏུ་བསྔགས།། མ་ནིང་ཅོང་ཞི་བསིལ་དྲོད་སྙོམས།། ཕོ་མོ་གཉིས་ཀས་བསྟེན་པར་མཆོག། ཅེས་རིགས་ལྔ་ངོས་འཛིན་གཏོང་ཡུལ་བཅས་བཤད་པ་དང་།
     དཀའ་འགྲེལ་ལས། ཕོ་ཅོང་རེག་བྱ་དྲོ་བ་དང་།། མོ་ཅོང་རེག་བྱ་བསིལ་བ་ཡིན།། མ་ནིང་སྙོམས་ཤིང་འཇམ་པ་ཡིན།། ཕོ་ཅོང་མོ་ལ་མོ་ཅོང་ཕོར།། མ་ནིང་ཕོ་མོ་ཐུན་མོང་ལ།། ཚད་ཤས་ཅན་ལ་བུ་ཅོང་སྟེ།། བུ་མོ་ཅོང་ཞིས་གྲང་བ་སེལ།། མཆོག་རབ་འབྲིང་མཐས་ནད་སྟོབས་སེལ།། མདོར་ན་ནད་ཅན་ནད་མེད་ལ།། འདི་མཚུངས་གཉེན་པོ་ཡོད་མ་ཡིན།། ཞེས་གསུངས་པས་ལྔ་པོ་དེ་རེ་རེ་ལའང་། མཆོག་དང་། རབ་དང་། འབྲིང་དང་། ཐ་མ་སྟེ་བཞི་རེ་ཕྱེ་བས་ཉི་ཤུར་འབྱེད་དགོས་པ་ཡིན་ཏེ།
     དཀའ་འགྲེལ་ལས། མཆོག་རབ་འབྲིང་དང་ཐ་མ་ལས།། དབྱེ་བ་རེ་རེར་བཞི་བཞི་འགྱུར། ཞེས་དང་། ངོས་འཛིན་ཕོ་ཅོང་སྲ་མཁྲེགས་ལྕི།། ཞེས་རྩ་བ་དང་། དབྱེ་བ་ནི། མཆོག་ནི་གྲུ་བཞི་རྒྱམ་ཚ་འདྲ།། ཞེས་ཇི་ལྟར་བཅག་ཀྱང་གྲུ་བཞིར་འགྲོ་བ་ཡིན། རབ་རྟ་སོ་བཅག་པ་འདྲ།། ཞེས་སུལ་རྩིངས་ལ་འོད་ཆེ་བ་ཡིན། འབྲིང་ནི་ལ་ཕུག་གཤགས་པ་འདྲ། ཞེས་སུལ་འཇམ་ལ་དཀར་ཞིང་དངས་པ་ཡིན། ཐ་མ་དཀར་གོང་ཕལ་པ་འདྲ།། ཞེས་འོད་ཆུང་ལ་མཁྲེགས་པའམ། ཡང་ན་སྔོ་ཟར་དཀར་གོང་སྲིན་ཅན་འདྲ་བ་ཡིན།། དེས་ཕོ་ཅོང་མཆོག་རབ་འབྲིང་བཞི་གསལ་བར་གསུངས་ནས། དེ་བཞིན་མོ་ཅོང་སོགས་ལའང་གསུངས་པ། མོ་ཅོང་ཡང་ལ་གསོབ་པ་སྟེ། ཞེས་རྩ་བ་ངོས་བཟུང་ནས་དབྱེ་བ་ནི། མཆོག་ནི་མང་གི་ག་པུར་འདྲ། ཞེས་པ་དཀར་ལ་འཇམ་པ་དང་། རབ་ནི་ཤེལ་ཁབ་གཤིབས་པ་འདྲ།། ཞེས་པ་སུལ་ཕྲ་ཞིབ་རིང་བ། འབྲིང་ནི་ཆབ་རོམ་ཟར་བུ་འདྲ།། ཞེས་པ་སུལ་འཇམ་ལ་འཐས་པ། ཐ་མ་ཤེལ་གྱི་ཕྱེ་མ་འདྲ།། ཞེས་པ། འོད་དང་བཅས་སྣ་ཐུང་ལ་ཞིབ་པ། ཡང་མ་ནིང་ལ། མ་ནིང་སྙོམས་ཤིང་མཉེན་པ་སྟེ།། ཡང་ན་དུང་གི་དུམ་བུ་འདྲ།། བརྐོས་ལེན་བ་སོ་འདྲ་བ་འབྱུང་།། ཞེས་རྩ་བའི་མ་ནིང་རྡོ་རྒྱུའི་ཁྱད་པར་འདྲ་མིན་དང་། དབྱེ་བ་ནི། མཆོག་ནི་རྡོ་རྒྱུས་ལྟ་བུ་འབྱུང་།། ཞེས་འཇམ་ལ་སྣ་རིང་དང་། རབ་ནི་འཁྱགས་པའི་རྩ་ལྡིང་འདྲ།། ཞེས་ཞབས་ནས་ཕྱུར་བ་འདྲ་བ་དང་།། འབྲིང་བ་ཡི་ནུ་མ་འདྲ།། ཞེས་སྟེང་ནས་ཟགས་པ་འདྲ་བ་དང་།། ཐ་མ་ས་མིན་རྡོ་མིན་འདྲ།། ཞེས་སྙི་ལ་ནོག་པ། ཡང་། བུ་ནི་ཕོ་དང་ཕྱོགས་མཐུན་འབོལ།། ཞེས་ཕོ་ཅོང་འདྲ་ལ་དེ་ལས་ཤེད།། ཆུང་ལ་སྙོམས་པ་རྩ་བ་དང་།། མཆོག་ནི་སག་རི་ཆགས་པ་འདྲ།། ཞེས་སྲབ་ལ་འབྲུམ་ཅན་གོག་ལྤགས་འདྲ་བ། རབ་ནི་ཞོ་ཡི་སྤྲིས་མ་འདྲ།། ཞེས་འཇམ་ལ་རྩི་ཆགས་པ་དང་། འབྲིང་ནི་འཕྱིང་པའི་རས་མོ་འདྲ།། ཞེས་དཀར་སྲབ་ཕྲུམ་ཕྲུམ་པ། ཐ་མ་གད་པ་ཆད་པ་འདྲ།། ཞེས་ས་ཕག་འདྲ་བ། ཡང་། བུ་མོ་མོ་རིགས་རྗེས་སུ་མཐུན།། ཞེས་མོ་ཅོང་འདྲ་ཡང་དེ་ལས་སྙོམས་པ་རྩ་བའི་བུ་མོ་དེ་ལ་དབྱེ་བ་ནི། མཆོག་ནི་ཕག་དཀར་ཟེ་བ་འདྲ།། ཞེས་ཕྲ་ཞིབ་དཀར་འབོལ། རབ་ནི་འཁྱགས་སོམ་དུམ་བུ་འདྲ།། ཞེས་སུལ་རྩིང་ལ་ཞིག་པ། འབྲིང་ནི་གངས་ཐིགས་ངན་པ་འདྲ།། ཞེས་སྙི་ལ་ནོག་པ། ཐ་མ་རྒོད་བཏུལ་བྱས་པ་འདྲ།། ཞེས་དཀར་ཉོབ་ཕྱེ་མ། དེ་ལྟར་རྩ་བ་ལྔ་ལ་མཆོག་རབ་འབྲིང་མཐའི་དབྱེ་བས་ཉི་ཤུར་གསུངས་པ་དང་། ཡང་དེ་ཉིད་ལས། དེ་ཡང་ཁ་དོག་རིགས་ལྔ་ཡིས།། བྱེ་བྲག་རྣམ་པ་ལྔ་ལྔར་འགྱུར།། ཞེས་གསུངས་པས། རྩ་བ་ལྔ་པོ་དེ་རེ་རེ་ལའང་ལྔ་རེ་སྟེ། དཀར་པོ་ཟླ་འོད་མ་ལ་ཕོ་མོ་མ་ནིང་བུ་བུ་མོ་ལྔ། དེ་བཞིན་དུ། དམར་པོ་མཚལ་མདོག་མ་ལ་ལྔ། སེར་པོ་ཉ་མཁྲིས་མ་ལ་ལྔ། སྔོན་པོ་མཐིང་ཟར་མ་ལ་ལྔ། སྔོ་དམར་ཕུག་སྐེ་མ་ལ་ལྔ་སྟེ་ཉེར་ལྔ། ཡང་དེ་ཉིད་ལས། བཞི་བཞི་འདུས་པའི་ཅོང་ཞི་སྟེ།། ཅོང་ཞི་བརྒྱ་དང་རྩ་གཅིག་ཡིན།། ཞེས་གསུངས་པས་བཞི་བཞི་གསུངས་པ་ནི། ཁ་དོག་གི་དབྱེ་བའི་ཉེར་ལྔ་པོ་དེ་ལ་སྔར་བཤད་བཞིན་མཆོག་རབ་སོགས་བཞི་བཞིར་དབྱེ་བས་བརྒྱ་དང་། ཁ་དོག་ལྔ་ཀ་འདུས་པ་སྟེ། འོད་ལྔ་ཚང་བ་གཅིག་སྟེ་བརྒྱ་དང་རྩ་གཅིག་ཡིན། ཡང་དེ་ཉིད་ལས། གཉིས་གཉིས་འདུས་པའི་ཅོང་ཞི་སོགས། དབྱེ་བ་བྱེ་བྲག་དུ་མར་འགྱུར།། ཞེས་དང་།
     མཛེས་རྒྱན་དང་རིགས་དབྱེ་འདུས་ཚོགས་བྱེ་བྲག་ལས། ཅོང་ཞི་བརྒྱ་ཕྲག་ལྔ་ལ་སོགས། དུ་མར་འགྱུར་བ་དབྱེ་ཤེས་གནད།། ཅེས་གསུང་བ་ནི། ཁ་དོག་འདྲེས་པའི་དབྱེ་བ་སྟེ། དཀར་སེར་གཉིས་ཚོགས་དང་། དེ་བཞིན་དུ། དཀར་དམར་གཉིས་ཚོགས། དཀར་སྔོ་གཉིས་ཚོགས། དཀར་ཕུག་གཉིས་ཚོགས། དམར་སེར་གཉིས་ཚོགས། དམར་སྔོ་གཉིས་ཚོགས། དམར་ཕུག་གཉིས་ཚོགས། སེར་སྔོ་གཉིས་ཚོགས། སེར་ཕུག་གཉིས་ཚོགས། སྔོ་ཕུག་གཉིས་ཏེ་གཉིས་ཚོགས་བཅུ་དང་། དཀར་དམར་སེར་གསུམ་ཚོགས་པ། དཀར་དམར་སྔོ་གསུམ་ཚོགས་པ། དཀར་དམར་ཕུག་གསུམ་ཚོགས་པ། དཀར་སེར་སྔོ་གསུམ་ཚོགས་པ། དཀར་སེར་ཕུག་གསུམ་ཚོགས་པ། དཀར་སྔོ་ཕུག་གསུམ་ཚོགས་པ། དམར་སེར་སྔོ་གསུམ་ཚོགས་པ། དམར་སེར་ཕུག་གསུམ་ཚོགས་པ། སེར་སྔོ་ཕུག་སྐེ་སྟེ་གསུམ་ཚོགས་དགུ་དང་། དཀར་དམར་སེར་སྔོ་བཞི་ཚང་། དཀར་དམར་སེར་ཕུག་བཞི། དམར་སེར་སྔོ་ཕུག་བཞི། སེར་སྔོ་ཕུག་དཀར་བཞི། སྔོ་ཕུག་དཀར་དམར་བཞི་སྟེ་བཞི་འདྲེས་པ་ལྔ་དང་། ལྔ་ཀ་འདྲེས་པ་གཅིག་དང་བསྡོམས་པས་འདྲེས་མ་ཉེར་ལྔ། དེ་རིགས་ལྔར་ཕྱེ་བས་བརྒྱ་ཉེར་ལྔ། དེ་མཆོག་རབ་འབྲིང་མཐས་བཞི་རེར་ཕྱེ་བས་ཅོང་ཞི་རིགས་ལྔ་བརྒྱ་འབྱུང་ལ། དེ་དག་ཀྱང་ཆ་ཆེ་ཆུང་སོགས་དབྱེ་བས་དུ་མར་འགྱུར་ཞེས་བགྲང་དཀའ་བར་བཤད་པ། དེ་ནད་ལ་གཏོང་ལུགས་ཀྱང་། དཀར་པོ་བད་ཀན་ལ། སེར་པོ་མཁྲིས་པར། དམར་པོ་ཁྲག་ལ། སྔོན་པོ་རླུང་ལ། ཕུག་སྐེ་འདུས་པ་ལ་གཏོང་བ་གཉེན་པོར་གསུངས་པ་བཅས་རིགས་དང་དབྱེ་བ་ཆ་ཤས་དེ་དག་ཡིད་ལ་ངེས་པར་བྱས་ནས་སྨན་སྦྱར་ན་སྨན་པའི་གྲས་སུ་གཏོགས་པ། ཡང་དེ་དག་ཀུན་ཀྱང་སྤྱིར་བཟང་ངན་ནི། དཀའ་འགྲེལ་ལས། འོད་ཅན་ལག་ཏུ་ལྕི་བ་དང་།། ཆུ་འགྲམ་འཁྱགས་ལྟར་ཆགས་པ་དང་།། གྱེན་ལ་ཤིང་ལྟར་འཕགས་པ་དང་།། ཐུར་དུ་ཆུ་ལྟར་འཐིབས་པ་དང་།། ཆུ་ལ་བ་ཚ་བཞིན་ཆགས་དང་།། ཤེལ་ལྟར་དངས་ཤིང་འོད་ཟེར་འཕྲོ།། གཤེར་ཅན་རྡོ་ཅོང་རྡོ་བ་ལ།། སྐམས་ནས་རྡོ་ཡི་དངོས་པོར་འགྱུར།། ཅོང་ཞི་དེ་འདྲ་བཟང་བ་དང་།། ས་རྡོ་གཞན་དང་མ་འདྲེས་ཤིང་།། གང་ཡང་སོ་ཡིས་ཐུབ་ན་བཟང་།། དེ་དག་ལས་ནི་ལྡོག་པ་ངན།། ཞེས་གསུངས་སོ།། དེ་ལྟ་བུའི་ཅོང་ཞི་དེ་ཡང་གང་དུ་གཏོང་ཡང་དུག་འདོན་པ་དང་། བཅུད་ལེན་བྱེད་ན་དེ་སྟེང་བཅུད་དུ་འགུགས་པའི་ཆོ་ག་རྣམས་མེད་པར་རང་བཞིན་རྡོ་རྒོད་གཏོང་བ་ནི་རྨོངས་པའི་ལུགས། ཅོང་ཞི་ནག་པོ་ཞིག་འབྱུང་བ་དུག་ཅོང་ཞེས་རྫས་ངན་སྐབས་མ་གཏོགས་སྤང་བྱ།
རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ཅོང་ཞི་རྡོ་བཅུད་ལ་རིགས་ལྔ་ཡོད་ཀྱང་ཕོ་ལ་མོ་དང་། མོ་ལ་ཕོ། ཀུན་ལ་སྨན་ཅོང་དམར་སེར་གང་རུང་དང་མ་ནིང་བསྔགས་ལ་དུག་ཅོང་ནི་སྤང་བར་གདམས་པ།
     སྨན་མིང་རྒྱ་མཚོ་ལས། ཅོང་ཞིས་རུས་པའི་དྭངས་མ་གསོ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཅོང་ཞི་རོ་མངར་ཞུ་རྗེས་ཅུང་ཟད་དྲོད།། རུས་ཆག་གསོ་ཞིང་མཁལ་ནད་གྲང་བ་སེལ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཅོང་ཞི་རོ་མངར་ཞུ་རྗེས་བཅུད་ལ་དྲོད།། རུས་ཆག་གསོ་ཞིང་མཁལ་ནད་གྲང་བ་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཅོང་ཞི་ལ། རྟ་སོ་བཅག་འདྲ་མཁྲེགས་ལྕི་ཚིལ་བུ་ལྟ་བུའི་ཕོ་ཅོང་། ཆུ་ཚན་སྨན་ཆུ་ལ་ཡོད་པའི་དཀར་པོ་སྣ་རིང་སྐྱ་གསོབ་མཉེན་འབོལ་བུ་ཅོང་སྟེ་ཕོ་ཅོང་གཉིས་དང་། སྨུག་ཟིལ་དང་བ་ནུ་ལྟ་བུ་གཡའ་བྲག་གི་སུལ་དུ་ཡོད་པའི་མོ་ཅོང་། ཡང་གཡའ་བྲག་གི་སྲུབས་ལ་འབྱུང་ཞིང་སེར་པོ་ཉ་ལྕིབས་སེར་ལ་དྲེག་པ་ཆགས་པ་བུ་མོ་ཅོང་སྟེ་མོ་ཅོང་གཉིས་དང་། དཀར་དམར་སེར་ལ་སྣ་རིང་མཉེན་པ་མ་ནིང་ཅོང་ཞི་སྟེ་ཅོང་ཞི་རིགས་ལྔ་ཡོད་ལ། དེ་རྣམས་ཀྱིས་འཁྲུ་བ་གཅོད་ཅིང་བད་ཀན་གྱི་ཚ་བ་སེལ་ལ་བཅུད་ལེན་དུ་འགྱུར།
     མཛེས་མཚར་མིག་རྒྱན་ལས། ཅོང་ཞི་ནི། རྡོ་བཅུད། མཚན་མོའི་འོད། སྲིད་བཅུད་བསྡུས་པ། བྱང་སེམས་དཀར་པོ་མ་ནིང་ཟེར། མ་ལ་ཡའི་དཀའ་འགྲེལ་བཞིན་མཁན་ཆེན་ནོ་མོན་ཧན་གྱི་རྩ་རྒྱུད་འགྲེལ་བ་གསལ་སྒྲོན་ལས། ལྷའི་བུ་ཡིད་བཞིན་ནོར་བུ་ཞེས་བྱ་བས་ལྷ་མོ་ཨུ་མ་ལ་ཆགས་པས་བྱང་སེམས་དཀར་དམར་ཤོར་བ་བྲག་གི་སྟེང་དུ་ལྷུང་བ་ལས་ཅོང་ཞི་བྲག་ཞུན་བྱུང་བར་བཤད། དེར་རིགས་ལྔ་ལས། ཕོ་ནི་ཇི་ལྟར་བཅག་ཀྱང་གྲུ་བཞིར་འགྲོ་བ་རྒྱམ་ཚ་འདྲ་ལ་མཁྲེགས་ཤིང་ལྕི་བ་ཤེལ་གྱི་མདངས་ལྡན་མཆོག དཀར་གོང་འདྲ་བ་ངན། བུ་ཅོང་ནི་ཆུ་ཚན་ལ་ཡོད་པ་དཀར་པོ་སྣ་རིང་སྐྱ་གསོབ་མཉེན་འབོལ་ཏེ་ཕོ་རིགས་གཉིས་ཆུ་ཚན་ལས་འབྱུང་བ་དང་། མོ་ནི་སྨུག་ཟིལ་བ་ནུ་ལྟ་བུ་གཡའ་བྲག་གི་སུལ་དུ་ཡོད་པ་དང་། བུ་མོ་ནི་བྲག་བསྲུབས་ལས་འབྱུང་ཞིང་སེར་པོ་ཉ་ལྕིབས་དྲེགས་ཆགས་ཏེ་མོ་རིགས་གཉིས་བྲག་བསྲུབ་ལས་འབྱུང་བ་དང་། མ་ནིང་ནི་དཀར་དམར་སེར་ལ་སྣ་རིང་མཉེན་པའོ།། དེ་རྣམས་དཀའ་འགྲེལ་ཤེལ་ཕྲེང་རྣམས་སུ་འདིར་མི་འདྲ་བ་མཆིས་ཀྱང་། འདི་ནི་རྡོ་རྒྱུད་དང་ཤེལ་དཀར་མེ་ལོང་གི་དགོངས་པ་བཞིན། ཕོས་ཁྲག་མཁྲིས། བུས་བད་ཀན་སྐྱ་སྨུག མོས་ནད་ཀུན་ལ་ཕན་པ། བུ་མོས་བཅུད་ལེན་པ་དང་། མ་ནིང་ཅོང་ཞི་བསིལ་དྲོད་སྙོམས། ཕོ་མོ་གཉིས་ཀར་བསྟེན་མཆོག ཅེས་རྡོ་བཅུད་དུ་བཤད། དེར་ཡང་དཀར་དམར་སེར་སྔོ་དམར་ཏེ་མདོག་ལྔ་དང་། ནག་པོ་སོགས་ཡོད་ནའང་། ཕལ་ཆེར་དཀར་པོ་བསྔགས། ནག་པོ་སྨན་མི་རུང་། དམར་པོས་བཅུད་ལེན་པ།

X