>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

ད་ཆུ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 15:39:08 ཀློག་གྲངས། 22

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ད་ཆུས་རུས་པ་ཆག་པ་སྦྱོར་བར་བྱེད།། ཅེས་པ་ལྡོང་རོས་དང་དངུལ་ཆུ་སོགས་ལ་བཟོས་ཀྱང་ཟེར་ལ། དབྱིབས་ཅོག་ལ་མ་འདྲ་བ་ལ་ཁ་དོག་དེ་ལ་ས་དཀར་བ་བཟོས་པའི་རྟགས་སུ་སྣོད་དུ་བླུག་པའི་ཉམས་ཡོད་པ་དེ་ཡིན། འདི་ལ་མཚལ་དཀར་ཡང་ཟེར། ད་ཆུ་ཞེས་རྒྱ་ནག་གི་སྐད་ཡིན། རྒྱའི་གྲོང་ཁྱེར་ཚད་པ་ཀྵང་ཟེར་བ་དང་། ཅི་ཧོ་ཁམས་ཟེར་བར་བཟོ་བའི་ཕྱོགས་ཙམ་མཐོང་། དངུལ་ཆུ་དགོས་པར་འདུག ཞིབ་ཏུ་མི་སྟོན་པར་སྣང་། ཅོག་ལ་མ་ལ་ཅུའུ་གཤག་ཟེར། དེ་ཉོ་བར་དྲིས་ཚེ་འདི་ས་ཐག་རིང་པོ་ནས་བྲག་གི་གཏིང་ནས་ལེན་དགོས་པས་དཀོན་ལ་གོང་ཡང་ཆེ། ཚོན་བྱེད་ན་ཁ་དོག་ནག་པས་མི་དགའ། ད་ཆུ་ཉོ་བདེ་མདོག་ལེགས་པས་དགའ་ཟེར། སྔར་བོད་ཀྱི་མི་རྒྱ་ཡུལ་དུ་འཁྱར་ནས་ས་བཟུང་བ་གཡུང་དྲུང་རྒྱས་ཟེར་བ་ཞིག་གིས་ལོ་ཙཱ་བྱས་ནས། འོ་མི་ཤན་གྱི་སྨན་པ་ལ་དྲིས་པས། ཅུའུ་གཤག་ལ་དུག་མེད་པས་དུག་ལ་ཕན། ཁྱད་པར་རེག་དུག་བསེ་མོག་ལ་ཕན། ད་ཆུ་ལ་དུག་ཡོད་པས་དུག་ལ་གནོད། རེག་དུག་ལ་བྱུགས་ན་གནོད་ཟེར།རྒྱུད་འགྲེལ་དག་པ་རྣམས་ལའང་འདི་ལྟར་འགྲེལ་བ་ཡིན་པས་ཡིད་ཆེས་པའི་ཁུངས་གཏམ།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ད་ཆུ་ཞེས་པ་ལོ་མཚལ་དང་། དངུལ་ཆུ་དང་། ཟེ་ཚའི་སྦྱོར་བ་གསུམ་ཀ་ལ་འཇུག་པའི་སྐབས་ཡོད་པས་མཚམས་ཤེས་དགོས།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། མཚལ་ད་ཆུ་ཟེར་ནི་རོ་བསྐ་ཞུ་རྗེས་ཅུང་ཟད་བསིལ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ད་ཆུས་སྐྲན་བཤིག་རྨ་གསོ་འཁྲུ་བར་བྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། འདི་ལ་ཁ་ཅིག་གིས་ད་ཆུ་ཞེས་ཟེ་ཚ་བཅོས་པའི་རྗེས་སུ་བྱུང་བ་དང་། ལ་ལས་མཚལ་ནག་ཤས་ཆེ་བ་དང་། འགའ་ཞིག་གིས་དངུལ་ཆུ་བཤིག་པའི་རྗེས་སུ་བཟོས་པའི་མཚལ་དཀར་ལ་འདོད་པ་ཡོད་ཀྱང་སྔ་མ་འཐད་པར་སེམས། ད་ཆུ་ལ་མཚལ་དཀར་ཟེར་ནས་སྔ་མ་དང་ཐ་དད་དུ་བཤད་པའང་ཡོད། མཚལ་ལ་ཊཻ་ཀ་ན། ཀྵ་ར་ན་ཟེར།
     མཛེས་མཚར་མིག་རྒྱན་ལས། ད་ཆུ་ནི། རྒྱུད་དུ། ལི་ཁྲིས་རུལ་གཅོད་ད་ཆུས་རུས་པ་སྦྱོར།། ཞེས་པ་བཻ་སྔོན་དུ་ཡིག་མ་དག་པར་འདོད་ནས་རྡོ་ཆུར་བཞེད་པའང་། ཟུར་ལུགས་དང་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་ད་ཆུ་ལ་དགོངས་སོ།། དེ་ལ་མཚལ་དཀར། མཚལ་ཚྭ་ཟེར། ད་ཆུ་ལ་ཅོག་ལ་མར་ངོས་འཛིན་པ་རྣམས་ནོར་བ་སྟེ། འགྲེལ་བ་ཐམས་ཅད་དུ་བཟོ་མར་གསུངས་ཤིང་།
     བདུད་རྩི་ཟིལ་དཀར་ལས། ཟེ་ཚྭ་བཟོས་ནས་གྲང་བར་ཚ་ལ་དང་།། དངུལ་ཆུ་མཚལ་དཀར་བཏབ་བཅོས་ད་ཆུ་ཡིན།། མཚལ་གོང་རིན་ཆེན་ད་ཆུ། དེའུ་དམར་བས། ཟེ་ཚ་སྲང་གསུམ་ཚ་ལ་སྲང་གང་རྒྱམ་ཚ་ལ།། དངུལ་ཆུ་ཞོ་གང་ཞུན་ཆགས་བྱས་པར་གསུངས།། ཞེས་སོ།།

གོང་ངོས། ཡིག་ཆ་མི་འདུག
X