>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

རྡོ་དྲེག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-29 16:52:12 ཀློག་གྲངས། 15

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྡོ་དྲེག་དུག་དང་ཚད་པ་རྙིང་པ་སེལ།། ཞེས་པར་དཔག་བསམ་ལྗོན་ཤིང་ལས། རྡོ་དྲེག་འདུས་པའི་འཁྲུ་བ་གཅོད།། སྐྱུགས་དང་ཡི་ག་འཆུས་པ་སེལ།། ཞེས་དང་། གསོ་བ་རིག་པའི་རྩ་བ་ལས། ཕ་བང་དྲེག་པ་བསིལ་ལ་སྐམ།། དུག་དང་ཆུ་སེར་གསོ་བར་བྱེད།། ཅེས་པར་མིང་། ཤཻ་ལ་པུཥྤ། བྲག་གི་མེ་ཏོག བྲག་གི་ཨུཏྦལ། དབུགས་མེད་པགས་པ། ཕ་བང་དྲེག་པ། བརྟན་པོའི་དྲེག་པ། སྨུག་པོའི་བུ། བྲག་རྩི། རྡོ་དྲེག་རྣམས་ཟེར། རྒྱུ་བྲག་ལ་དྲེག་པ་མེ་ཏོག་རིས་སུ་ཆགས་པ་དེ་ཡིན། ཁ་དོག་དམར། སེར། དཀར། ལྗང་། ནག་ལྔ་འབྱུང་། མཚུར་ཡོད་པའི་བྲག་དྲེག་ནི། ཁ་དོག་མཚུར་གྱི་རྒྱུའི་རྗེས་སུ་འབྲང་བས་ངེས་པ་མེད། དེ་མ་ཡིན་པར། མིག་སྨན་ལ་དཀར་པོ། དུག་ཚད་སྐབས་དམར་པོ་དང་སེར་པོ་གཉིས། ནག་པོ་ངན་རྫས་ལ་འགྲོ། སྨན་ལ་གང་བཏང་དུག་འདོན་དགོས། དེ་ཡང་ཁ་བྱང་དུ་བལྟ་བའི་སྲིབ་ཀྱི་བྲག་དྲེག་བཟང་བར་བཤད།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། རྡོ་དྲེག་ནི། ཁ་བྱང་བལྟས་སོགས་ཀྱི་བྲག་རྡོ་ལ་ཆགས་པའི་དྲེག་པ་དམར་པོ་མཆོག་ཡིན་ལ། དེས་དུག་དང་ཚད་རྙིང་སེལ།
     མཛེས་མཚར་མིག་རྒྱན་ལས། རྡོ་དྲེག་ནི། བརྟན་པོའི་དྲེག་ཟེར། བྲག་ལ་ཆར་དང་ཉི་མའི་རྒྱུ་ཡིས་མེ་ཏོག་ལྟར་ཆགས་པའི་དྲེག་པ་སྟེ། མིག་སྨན་ལ་དཀར་པོ། ཚད་ལ་དམར་དང་སེར་དང་དྲག་རྫས་སུ་ནག་པོ་བཟང་། སྔོ་ནག་ངན། ཤེལ་འཕྲེང་ལས། བྱང་དུ་བལྟ་བའི་སྲིབ་ཀྱི་དྲེག་བཟང་བར་བཤད་ཅིང་། ཡང་སྨན་ལ་གང་བཏང་དུག་འདོན་དགོས་གསུངས། མིང་གསོ་རིག་རྩ་བར། ཕ་བང་དྲེག་པ་བསིལ་ལ་སྐམ་ཞེས་པས་དུག་དང་ཚད་རྙིང་སེལ་བ་དང་། ལྗོན་པར། རྡོ་དྲེག་འདུས་པའི་འཁྲུ་བ་གཅོད།། ཅེས་སོ།།

གོང་ངོས། རྡོ་སྤོས།
X