//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > སྨན་གྱིས་ཚེ་བསྲིང་། > ནང་དོན།

རྒན་པ་ལ་སྨན་གྱིས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-16 11:38:52 ཀློག་གྲངས། 42 

དང་པོ། སྨན་སྦྱོར་བཅུད་ལེན་གྱི་ཆོ་ག་བསྟན་པ།

མཁན་ཆེན་ཁྲོ་རུ་ཚེ་རྣམ་མཆོག་གིས། སྐྱེ་བོ་གང་ཞིག་ཡིན་ནའང་སྐྱེ་བའི་ཉིན་ནས་བཟུང་ཉིན་རེ་བཞིན་ཚེ་ཇེ་ཟད་དུ་སོང་ནས་རྒས་པ་ནི་ཆོས་ཉིད་ཉག་ཅིག་ཡིན་ནའང་། བར་དུ་འབྱུང་བ་རྒུད་པའི་ནད་ཀྱིས་གདུངས་ཏེ་རྒས་མགྱོགས་སུ་འགྲོ་བ་ལས་བསྲིང་བར་བྱ་བ་ནི་འོག་ནས་འབྱུང་བར་གྱུར་པའི་སྨན་སྦྱོར་གྱི་ཆོ་ག་ཚུལ་བཞིན་བསྟེན་ན་ཕན་པར་འགྱུར་བ་བཤད་པར་བྱ་ལ་འདིར་དངོས་སུ་མ་གསུངས་ཀྱང་འདིའི་ཤུགས་སུ་རྟོགས་ལས་ཀྱང་ནད་དྲག་པོས་ཡུན་དུ་མནར་བ་དང་།  ལྟོ་གོས་ཀྱིས་འཕོངས་པ།  དཀའ་ངལ་གྱིས་མནར་ཏེ་ཟུངས་སྟོབས་ཇེ་ཞན་དུ་སོང་བ་རྣམས་ཀྱིས་ཀྱང་བཅུད་ལེན་འདི་དག་བསྟེན་ན་ཕན་པར་བཤད་དོ། །འདི་ལ་བཅུད་ལེན་གྱི་ཕན་ཡོན་དང་།  གནས་དང་།  རྟེན་དང་།  བྱ་ཐབས་བཞི་ཡོད་པ་ཡིན།

ཕན་ཡོན་བསྟན་པ། བཅུད་ལེན་གྱི་ཕན་ཡོན་ནི་བཅུད་ལེན་མ་བྱས་པ་དང་བསྡུར་ན་བཅུད་ལེན་བྱས་པས་ཚེ་རིང་ཙམ་གནས་ཐུབ་པ་དང་དེ་སྔའི་ཚོད་ལས་ན་ཚོད་ཀྱང་དར་ལ་འཇོག་ཐུབ་པ་དང་ལུས་ཀྱི་མདངས་དང་སྟོབས་ཀྱང་སྔར་ལས་ཆེ་རུ་སྐྱེ་བ་དང་མིག་སོགས་དབང་པོ་དང་དྲན་པ་སྔར་བས་གསལ་ཞིང་བློ་དང་རིག་པ་དེ་སྔར་ལས་རྣོ་བ་དང་སྐད་མདངས་ལྡན་ཞིང་རོ་ཙ་བར་བྱེད་ནུས་པ་ཡིན།

གནས་ས་བསྟན་པ། དེ་ལྟར་གྱི་བཅུད་ལེན་གང་དུ་བྱ་བའི་གནས་ནི་ས་གཙང་ཞིང་དབེན་པ་དང་བག་ཕེབས་ཤིང་ཉམས་དགའ་ལ་ཆུ་ཤིང་འཛོམ་ཞིང་རྐུན་ཇག་གཅན་གཟན་སོགས་ཀྱི་གནོད་པའི་བར་ཆད་མེད་པར་སྒྲུབ་པར་བྱའོ།།

རྟེན་བསྟན་པ། རྟེན་ནི་ཧ་ཅང་རྒས་པ་དང་འབྲས་སྐྲན་སོགས་བཅོས་དཀའི་ནད་ཀྱིས་མནར་བ་མ་ཡིན་པས་མེ་ཉི་བསྟེན་དྲགས་པ་དང་ཆགས་པ་སྤྱོད་པ་ཚད་ལས་བརྒལ་བ། ལུས་སེམས་ངལ་དུབ་ཆེ་བའི་ཤུགས་དྲག་པོའི་ལས་དང་། ཟས་རུལ་སྐྱུར་རྗེན་ངད་ཚྭ་སོགས་མང་དུ་སྤྱོད་པ་སྤངས་བྱས་ལ་ཚེས་གྲངས་བཟང་པོའི་དུས་བཟང་ལ་རྟག་པར་ལྷ་མཆོད་གཙང་མའི་ཁྲུས་བྱས་ལ་བཅུད་ལེན་གྱི་ཆོ་གར་འཇུག་པར་བྱའོ།།

བྱ་ཐབས་བསྟན་པ། བཅུད་ལེན་བྱ་བའི་ཐབས་ལ་བཅུད་ལེན་ཉིད་ཁོ་ན་གཙོ་བོར་སྒྲུབ་ཏེ་སྤྱད་པ་དང་།  བྱ་བ་གཞན་གྱི་ཞར་ཞོར་དུ་སྤྱད་པ་གཉིས་ཡོད་པ་དང་།  བར་དུ་མི་ཀུན་གྱིས་སྤྱད་པར་ནུས་པའི་བཅུད་ལེན་བཤད་པ་དང་།  མཐར་མཇུག་བསྡུ་བ་སྟེ་རྣམ་པ་བཞི་ཡོད།

༡༽གཙོ་བོར་སྒྲུབ་པ་བསྟན་པ། གཙོ་བོར་སྒྲུབ་པ་ལ་ཡང་སྔོན་འགྲོ་དང་དངོས་གཞི་གཉིས་ཡོད།

༼༡༽སྔོན་འགྲོ་བསྟན་པ། གཙོ་བོར་སྒྲུབ་པར་སྔོན་འགྲོ་ནི་ཞུན་མར་སོགས་སྣུམ་བཅོས་སྣུམ་གྱིས་དུགས་དང་ལུས་ལ་བྱུག་པ་བྱས་ལ་ཨ་རུ་མཆུ་རིང་དང་སྐྱུ་རུ་ར།  རྒྱམ་ཚ།  པི་པི་ལིང་། ཤུ་དག་བཅའ་སྒ།  ཡུང་བ།  བྱི་ཏང་ག་བུ་རམ་རྣམས་བ་དམར་སེར་གྱི་ཆུར་སྦྱར་བའི་ཁྲུས་བཤལ་གྱིས་སྦྱང་དགོས། ཁོང་པ་དག་པར་མ་སྦྱངས་པར་བཅུད་ལེན་དང་རོ་ཙའི་སྦྱོར་བ་བྱེད་པ་ནི་སྣུམ་དང་བཙོག་དྲི་བཅས་པའི་རས་སོགས་ལ་ཚོས་བརྒྱབ་པ་ལྟར་ཚོས་མི་འཇུ་བས་བྱས་པ་དོན་མེད་པར་འགྱུར།  དེ་ཕྱིར་ཁོང་པ་དག་པར་སྦྱངས་བར་བྱའོ།།

༼༢༽དངོས་གཞིའི་སྦྱོར་བ་བསྟན་པ།  དངོས་གཞིའི་སྦྱོར་བ་བསྟན་པ་ལ་ཡང་རིག་བྱེད་སྤྱི་མཐུན་དང་རྫས་སྔགས་ཏིང་འཛིན་གྱིས་སྒོ་ནས་སྒྲུབ་པ་དང་གཉིས་ཡོད།

རིག་བྱེད་སྤྱི་མཐུན་གྱི་སྒོ་ནས་སྒྲུབ་པ། རིག་སྤྱི་མཐུན་གྱི་སྒོ་ནས་སྒྲུབ་པ་ལ་རླུང་ཤས་ཅན་གྱི་བཅུད་ལེན་བསྟན་པ་དང་། ཚ་ཤས་ཅན་གྱི་བཅུད་ལེན་བསྟན་པ་སོགས་ལྔ་ཡོད།

རླུང་ཤས་ཅན་གྱི་བཅུད་ལེན་བསྟན་པ། ལྷ་མིན་ཁྲག་སྟེ་སྒོག་སྐྱ་ནི་བཅུད་ལེན་གྱི་སྨན་མཆོག་ཡིན་པས་ཕྱིའི་ཤུན་པ་ཕྲལ་ལན་ནང་གི་སྙིང་པོ་དེ་ཆང་བཟང་པོའི་ནང་དུ་སྦངས་ཕྱིར་ནངས་པར་ཁུ་བ་བཙགས་པའི་དྭངས་མ་དེ་འཇུ་ཚོད་རན་ཙམ་རེ་བསྟེན་པར་བྱ། དེའི་རྗེས་སུ་འོ་མ་དང་ཞུན་མར། སྐམ་ས་ཡི་ཤ་ཁུ།  ལུག་དང་འབྲི་སོགས་ཀྱི་ཤ་ཁུ་ནད་ཁམས་དང་གང་འཕྲོད་བསྐོལ་ལ་བླུད་དགོས་སོ། །ཡང་ན་སྒོ་སྐྱ་ལེགས་པར་བཏུས་པ་ཆུར་འཚོས་པར་བཙོས་པ་སྙིགས་མ་དོར་བའི་དྭངས་མ་ཞུན་མར་དང་སྦྱར་བའི་ལྡེ་གུ་དེ་ནས་གཙང་མར་བཀྲུས་པ་སྣོད་དུ་བླུག་པའི་ནང་ཞག་བདུན་ཕྲག་གསུམ་གྱི་བར་དུ་བཞག་པའི་རྗེས་ཞག་ཅི་ཙམ་རན་པར་བསྟེན་པར་བྱ།  དེས་ནི་རླུང་ཤས་ཆེ་བའི་མི་ལ་རླུང་གནོན་པ་དང་། བཅུད་ལེན་མ་བསྟེན་པའི་རྒས་ནད་དག་ལས་རྣམ་པར་གྲོལ་ཞིང་བཅུད་ལེན་བསྟེན་རྗེས་ཚེ་རིང་དུ་འཕེལ་ཞིང་ན་ཚོད་གང་བབས་ལྟར་ཡུན་དུ་གནས་པ་དང་།  ན་ཚོད་དར་བབས་ཀྱི་ཉམས་མདངས་རིང་དུ་འཇོག་པས་ན་རྒྱུན་དུ་བཅུད་ལེན་བསྟེན་དགོས་པར་བྱའོ།།

ཚ་ཤས་ཅན་གྱི་བཅུད་ལེན་བསྟན་པ། དེ་བཞིན་དུ་བྲག་ཞུན་ནི་མདོག་ནག་ལ་ས་སོགས་ལྷད་མེད་པ་བ་གཅིན་བྲོ་བ། མདོག་སྣུམ་ཞིང་རོ་ཁ་བ་བསྐ་བ་བཏེགས་ན་ལྕི་བ། ལྕགས་ལས་གྱུར་པ་སྟེ་ལྕགས་ཞུན་མཆོག་ཡིན་པས་དེ་དང་གསེར་དངུལ་ཟངས་ལྕགས་ཐལ་བཟོའི་ལག་ལེན་ཚུལ་བཞིན་ནུས་ལྡན་བསྲེགས་པ་སྦྱར་ཏེ་འོ་མས་དབུལ་བ་དང་ཡང་ན་སེ་འབྲུ་དྭངས་མ་གནས་ལྟ་བུ་ནད་དང་གང་འཕྲོད་སྨན་ཆ་མཉམ་ལྕགས་ཀྱི་སྣོད་དུ་བཅུག་ལ་ཚད་ལྡན་བཟའ་ཞེས་ཞག་བདུན་ཕྲག་གཅིག་དང་པོའི་ཞག་བདུན་ལ་ཞག་རེ་བཞིན་གསེར་ཐལ་ཞོ་གཉིས་དང་ལྗིད་མཉམ་པར་བཟའ།  དེ་ནས་ཞག་བདུན་ཕྲག་གསུམ་སྟེ་ཞག་ཉེར་གཅིག་ལ་ཞོ་བཞི་ཟ།  དེ་ནས་ཞག་ཕྲག་བདུན་ཏེ་ཞེ་དགུའི་བར་བར་ལ་སྲང་གང་ཟ་བར་བྱ།  འདི་སྐབས་སྤང་བྱ་མོན་སྣེ་སོགས་སྣེའུ་རིགས་དང་ཕུག་རོན་གྱི་ཤ །རྒྱ་སྲན་ནི་རྟག་ཏུ་སྤང་བར་བྱ་བ་ཡིན། དེ་ལྟར་ལག་ལེན་ཚད་ལྡན་བྱས་ན་ས་སྟེང་དུ་བྲག་ཞུན་གྱིས་མ་བཅོམ་པའི་ནད་གང་ཡོད་པ་མིན་པས་ལེགས་པར་བསྟེན་དགོས་སོ། །དེ་ནི་ཁྱད་པར་ཚ་ཤས་ཅན་གྱི་མིའི་ཚེ་འཕེལ་བའི་ནུས་པ་མཆོག་ཏུ་གྱུར་པ་ཡིན། ཞེས་པའོ།

X