>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

མཉྫིར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 9:06:03 ཀློག་གྲངས། 29

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཉྫིར་ཡིས་རུས་པའི་ཚད་པ་སེལ།། ཞེས་པ་རྡོ་སྨུག་པོ་དང་ནག་པོ་མ་ངེས་པ་ལ། དབྱིབས་མཆིན་པ་སྐྱི་རྙིད་ཙམ་འདྲ་བ་གཉེར་པ་དང་། ཞུ་བ་དང་། བབས་པའི་ཉམས་ཡོད་ལ། བཅག་འཕྲོ་འོད་དང་ལྡན་ཞིང་སྲ་ལ་མཁྲེགས་པ། ཁ་དོག་ལྗང་སྔོ་སེར་སོགས་ཀྱང་སྣང་། ཟངས་ལྕགས་དངུལ་སོགས་བཞུས་ཤུལ་གྱི་རྡོ་ཞུ་བའི་སླེ་ནག་དང་མ་ནོར་པ་གལ་ཆེ། ངོས་འཛིན་འདི་ལ་ཟུར་མཁར་བ་དང་གོང་སྨན་སྐྱེམས་པ་སོགས་ཞལ་འཆམས་ལ། བཻ་སྔོན་དུ་མདོག་མ་ངེས་པར། ལུག་གི་རྭ་འདྲ་བ་དང་། དགའ་འཁྱིལ་གྱི་རི་མོ་ལྟ་བུའི་ཕོ་སྐོར་གྱི་དབྱིབས་ཅན་རྩིང་བ་ལ་ཕོ། ཞིབ་ཅིང་འཇམ་པ་ལ་མོ། འབྲིང་བར་མ་ནིང་དུ་འཛིན་གསུངས་པས་འདི་བརྟག་པར་རིགས།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། མཉྫི་ར་ཕོ་རྩིང་། མཉྫི་ར་མོ་འཇམ། མཉྫི་ར་མ་ནིང་འབྲིང་
     མཛེས་མཚར་མིག་རྒྱན་ལས། མཉྫི་ར་ནི། ཟུར་མཁར་པ་དང་གོང་སྨན་པ་དང་སྐྱེམས་པ་ཚེ་དབང་གིས་ངོས་འཛིན་པར་སྨུག་ནག་མ་ངེས་ལ་ལྗང་སྔོ་སེར་སོགས་སྣང་བ། དབྱིབས་མཆིན་པ་སྐྱི་རྙིད་ཙམ་འདྲ་བ་གཉེར་བ་དང་། ཞུ་བ་དང་། བབས་པའི་ཉམས་ཡོད་ལ། བཅག་འཕྲོ་འོད་ཅན་སྲ་མཁྲེགས་པ། དངུལ་སོགས་བཞུས་ཤུལ་གྱི་རྡོ་ཞུ་བའི་སླེ་ནག་དང་མ་ནོར་བ་གལ་ཆེ། བཻ་སྔོན་དུ་མཉྫི་རར་བྱེད་པའི་རྭ་འདྲ་བ་ནི། རྭ་མཁྲེགས་གཉེར་མ་བཅས་ལུག་རྭ་འདྲ་ལ། སྒོར་འཁྱིལ་པ། གཞན་ཡང་དེར་རིགས་མཐུན་པའི་དུང་འདྲ་ནི། མདོག་ནག་སྔོ་རྡོ་སྤྱི་ལྟར་ལ་དུང་ངམ་འབུ་སྐྱོགས་ལྟ་བུ་ཕལ་ཆེར་གཡོན་འཁྱིལ་ཏེ། བྱང་གནམ་མཚོ་ནས་ཆེ་བ་ལག་མགོ་ཙམ་ནས་ཆུང་བ་སོར་ཙམ་ཡོད་པ། གཡས་འཁྱིལ་བ་ལ་ནོར་བུར་གྲགས།

གོང་ངོས། མུ་ཟིའི་རྡོ།
X