>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > རྡོ་ཡི་སྨན། > > ནང་དོན།

མཚལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-05-30 9:24:22 ཀློག་གྲངས། 54

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། མཚལ་གྱིས་རྨ་འདྲུབ་གློ་མཆིན་རྩ་ཚད་སེལ།། ཞེས་པ་ལ། མིང་། ཊཻ་ཀ་ན་དང་། ཀྵ་ར་ན་ཟེར། བྱུང་ཡུལ་ལས་དྲངས་པའི་རིགས་ལ། ཤག་མཚལ། སོག་མཚལ། མཚལ་པོ་ཆེ། ཞེང་མཚལ། ཁམས་མཚལ་ཞེས་མང་ཡང་། བསྡུ་ན་དཀར་ནག་གཉིས་ལས་མེད། འདི་དང་དངུལ་ཆུ་གཉིས་ཀྱི་ཁུངས་འོག་ནས་འཆད་རྒྱུའི་ཅོང་ཞི་དང་བྲག་ཞུན་ལྟ་བུའི་ཁམས་ལས་བྱུང་ཚུལ་ཡོད་པའི་ལུང་འཕྲོས་སུ། དཀར་པོའི་དངས་མ་འཐོར་བ་ལས། དམར་པོ་རྗེས་འབྲང་ཕྱི་ནས་གབ།། གཉིས་ཀའི་བཅུད་འདུས་རིན་ཆེན་མཚལ།། ཁུ་བ་བཏོན་པས་དངུལ་ཆུ་ཟེར།། ཞེས་འབྱུང་། རྒྱ་གར་རྒྱ་སེར་སྟོད་ཧོར་གཙང་དབུས་ཁམས་སོགས་ནས་འབྱུང་།། ཁ་དོག་སྨུག་ལ་དངུལ་རྡོའི་དབྱིབས་འོད་ཁྲོབ་བེ་བ་འདུལ་ན་སྨུག་ཤས་ཆེ་བ་མཚལ་ནག་གམ། ཕོ་མཚལ་ཟེར། ཁ་དོག་དམར་ལ་དཀར་ཞིང་དངས་ཤས་ཆེ་བ་འཇམ་ལ་འོད་ཆུང་བ། འདུལ་ན་དམར་ཤས་ཆེ་བ་མཚལ་དཀར་རམ་མོ་མཚལ་ཡིན། འདི་ལ་ཧིངྒུ་མ་ཡང་ཟེར། འདི་གཉིས་འབུད་ས་ཡང་ཤས་ཆེ་གཅིག་ལ་ནུས་མཚུངས་ཡང་། གཏོང་ཡུལ་ཕོ་མོ་དང་གཏང་བྱ་མཚལ་གོ་ལྡོག་པ་བཟང་གསུངས། རྩ་བཤལ་དང་གློ་མཆིན་གྱི་ཚད་པ་ལ་འདི་ཁོ་ན་དགོས། གཞན་གཉིས་གཏོང་མི་ཉན་པ་དང་། དུག་རིགས་ལ་ཅོག་ལ་མ། ཆུ་སེར་དང་གཉན་རིགས་ལ་ད་ཆུ་དགོས་པར་རིན་རྒྱན་ལས་བཤད་པ་འདི་གནད་ཤིན་ཏུ་ཆེ་བར་འདུག
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། མཚལ་ནི་དངུལ་ཆུ་རྒོད་གཡུང་གི་སྐྱེ་གནས་ཏེ་དབྱེ་བ་ཅོག་ལ་མ། ཤག་མཚལ། སོག་མཚལ། མཚལ་པོ་ཆེ། ད་ཆུ། མཚལ་དཀར། མཚལ་ན་ཞེང་། མཚལ། ཁམས་གཙང་གི་མཚལ་སོགས། ངོ་བོ་དང་ཡུལ་གྱིས་ཕྱེ་བའི་མིང་མང་ཡང་སྨན་ལ་མཚལ་དཀར་གཅེས།
     སྨན་མིང་རྒྱ་མཚོ་ལས། མཚལ་གྱིས་རྩ་སྦྱོང་དུག་ནད་སེལ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། མཚལ་ནི་རོ་བསྐ་ཞུ་རྗེས་ཅུང་ཟད་བསིལ།། ལྷ་བ་འཛིན་ཅིང་གློ་མཆིན་ཚད་པ་སེལ།། རྨ་འདྲུབ་རྩ་ནད་ཆུ་སེར་འདྲེན་ཅིང་སྦྱོང་།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། མཚལ་ཚྭ་ལ། ད་ཆུ་ཚྭ་ཟེར། མཚལ་ལ། འདོད་ཆགས། མཚལ་དཀར་གྱིས་འབྲུམ་བུའི་ཚ་བའང་སེལ། མཚལ་ནི། དེང་སང་གི་མཚལ་དམར་པོ་ཚོན་དངོས་ཏེ། དེས་རྨ་འདྲུབ་ཅིང་གློ་བ་མཆིན་པའི་རྩ་ཚད་སེལ། མཚལ་ལ་ཊཻ་ཀ་ན། ཀྵ་ར་ན་ཟེར།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། སྨུག་ཤས་ཆེ་བ་མཚལ་ནག་གམ་ཕོ་མཚལ། དམར་ལ་དཀར་ཤས་ཆེ་བ་མཚལ་དཀར་ཏེ་མོ་མཚལ།
     མཛེས་མཚར་མིག་རྒྱན་ལས། མཚལ་ནི། ཉི་མ། ལྷ་མིན་བུ། ཏཾ་ཀ་ན་ཟེར། རྡོ་དམར་པོའི་ཕྱེ་མ་ཤིན་ཏུ་དམར་པོའི་སྨུག་ཤས་ཆེ་བ་བཟང་། དམར་པོ་ངན། བསྲེགས་ན་དངུལ་ཆུ་འབབ་པ་ཡིན།
     བུ་གཞུང་ལས། མཚལ་ནག་སོགས་ཆུར་བསྐོལ་ནས་བཀྲུ་ཞིང་འདུལ་བར་གསུངས་པས། རྨ་འདྲུབ་གློ་མཆིན་རྩ་ནད་སེལ།

གོང་ངོས། ཡིག་ཆ་མི་འདུག
X