>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ས་ཡི་སྨན། > > ནང་དོན།

གསེར་གྱི་བྱེ་མ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 11:13:51 ཀློག་གྲངས། 24

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། གསེར་གྱི་བྱེ་མས་མཁལ་ནད་ཆུ་འགགས་སེལ།། ཞེས་པར། རང་བྱུང་རྡོ་རྗེས། བྱེ་མས་མཁལ་ནད་རྩ་ནད་སེལ།། ཞེས་གསུངས་པ་ནི། མཚོ་ཕལ་ཆེར་དང་། ཆུ་ཆེ་ཕྲན་དང་། རྡོ་འཛིང་དཀར་གྱི་གསེབ་སོགས་ནས་འབྱུང་བས་བྱེ་མ་གཞན་དང་འདྲེས་པ། ཟུར་དུ་གསེར་ཞག་འོད་ཉིལ་ཉིལ་བྱེད་པར་ཡོད་ལ། ཆུང་ལ་ཞིབ་པ་ལེབ་མོ་སྲབ་མཐུག་ཤོག་བུ་ཙམ་པ། ཁ་དོག་གསེར་ཤོག་ལྟ་བུ་འོད་དང་བཅས་ཁར་མྱངས་ན་ཅུང་ཟད་ལན་ཚྭ་བ། སོས་བལྡད་པས་ཕྱི་ནང་མང་དུ་བྱེ་བ། ཁ་དོག་སེར་པོ་དང་དཀར་སེར་བཟང་། དུད་ཁ་དང་ཁམ་པ་ངན། རྡོ་བརྡུང་བའམ་ཆུའི་བྱེ་མ་བཅས་བླངས་ལ། ཀ་ཊེ་ར་ཡངས་པའི་ནང་དུ་སྤྱིན་ཅུང་ཟད་བསྲེས་པའི་ཆུ་བྱེ་མའི་སུམ་འགྱུར་ཙམ་བླུགས་ལ་བསིག་ཅིང་གཡེང་བས། གསེར་བྱེ་ཟུར་དུ་ཕྱེ་ནས་པིར་སོགས་ཀྱིས་བྱབས་ལ་བསགས་པས་ལེན་པ་ཡིན། འདྲ་ཡིག་དུང་གི་མིག་ལས། གསེར་གྱི་བྱེ་མ་གསེར་ཕྱེ་ཐུམ་པོ་འདྲ།། ཞེས་གསུངས་པས། ནོར་འཕྲང་ཆུང་ཡང་རྨོངས་སྲོལ་ངན་འཇག་འགར། ཤིང་ལྡུམ་རྩ་འབྲས་ཞིབ་མོ་དང་། གཙང་རྡེའུ་སོགས་བྱེད་པ་ནོར། འོན་ཀྱང་ནུས་པ་གོ་མ་ལོག་པ་ཙམ་ཡོང་བར་བཤད།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། མི་མཁྲིས་ལ་གསེར་གྱི་བྱེ་མ་ཞེས་ཀྱང་ཟེར།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། གསེར་གྱི་བྱེ་མ་སྡིག་སྲིན་རོ་ནི་ཚ།། ཞུ་རྗེས་དྲོད་ལ་ཆུ་འགགས་མཁལ་ནད་སེལ།། བྱེ་མས་མཆོག་ཏུ་མགོ་བོས་རུས་ཆག་སྦྱོར།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། གསེར་གྱི་བྱེ་མ་ནི། ཤིང་གི་འབྲུ་ཆུང་ངུ་ཚྭ་དང་འདྲེས་པ་ཞིག་དང་། དབོན་པོའི་རྒྱུ་ཟེར་བའི་སྔོ་ཟླུམ་གྱི་འབྲུ་སོགས་ལ་བྱེད་པ་ནི་ངོ་ཚའི་གནས་ཡིན་ལ། དངོས་ནི་མཚོ་འགྲམ་ན་ཡོད་པའི་བྱེ་མ་རོ་ཁ་ཚྭ་ཅན་ཏེ། དེ་ལ་སེར་པོ་མཆོག་དང་ཕལ་བ་དུད་ཁ་སྟེ། དེ་དག་གིས་མཁལ་ནད་དང་ཆུ་འགགས་སེལ།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ས་སྨན་གསེར་གྱི་བྱེ་མ་རོ་ནི་ཚ།། ཞུ་རྗེས་དྲོད་ཡིན་མཁལ་ནད་ཆུ་འགགས་སེལ། མཆོག་ཏུ་མགོ་ཡི་རུས་པ་ཆག་པ་སྦྱོར།།
     མཛེས་མཚར་མིག་རྒྱན་ལས། གསེར་གྱི་བྱེ་མ་ནི། རྒྱ་ནག་གིས་ཧས་ཅིན་ཤ་ཞེས་པ། བཻ་སྔོན་དུ། དབོན་པོའི་རྒྱུག་པ་ཟེར་བའི་སྔོ་ཟླུམ་གྱི་འབྲུ་སོགས་སུ་ངོས་འཛིན་ལ་ནོར་བར་གསུངས་ཤིང་། དངོས་ནི་ཆུ་ཆེན་མོའི་ཁར་འབྱུང་བ། བྱེ་མ་གཞན་འདྲེས་པ། ཁ་དོག་གསེར་ཤོག་ལྟ་བུ་ཉིལ་ཉིལ་བྱེད་པ། སྲ་མོ་ལན་ཚྭ་བྲོ་ཙམ། སྣོད་ཡངས་པར་སྤྱིན་པ་བསྲེས་པའི་ཆུས་གར་ནས་ལེན་པ། དེ་ལ་སེར་དང་སེར་སྐྱ་བཟང་། དུད་ཁ་དང་ཁམ་པ་དམན། དེས་མཁལ་ནད་ཆུ་འགགས་སེལ།

གོང་ངོས། སོ་ཕག་ཁུ་བ།
X