>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

ལྕེ་མྱང་ཚ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:13:31 ཀློག་གྲངས། 48

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ལྕེ་མྱང་ཚ་ཡིས་བད་རླུང་གྲང་བ་དང་།། མ་ཞུ་འཇུ་ཞིང་མིག་ལ་ཕན་པ་ཡིན།། ཞེས་པར། རོ་སྐོར་ལས། ལྕེ་མྱང་ཚ་ནི་ནུས་པ་གཉིས་དང་ལྡན།། གྲང་བ་སེལ་ལ་ཁྲག་མཁྲིས་དག་ལ་མི་གནོད་ཟེར། བད་ཀན་སྨུག་པོའི་ནད་ལ་འདི་ཡང་སྤང་བར་བྱ། ཞེས་དང་། བདུད་རྩི་ཐིགས་པར། ལྕེ་མྱང་ཚ་ནི། རོ་མངར་མིག་ལ་ཕན།། ཡིད་འོང་རོ་ཙ་ཉེས་གསུམ་སེལ་བར་བྱེད།། ཚ་བ་མི་སྐྱེ་ཕོ་བའི་མེ་དྲོད་སྦོར།། ཞེས་པ་འདི་ལ་ཡང་། ཚ་བའི་ལྕེ་མྱང་ཚ་དང་། ལན་ཚྭའི་ལྕེ་མྱང་ཚ་གཉིས་ཡོད་པ་ལས། འདིར་ཚ་བའི་ལྕེ་མྱང་ཚ་ནི། སྨན་མིང་རྒྱ་མཚོ་ལས། ལྕེ་མྱང་ཚ་ནི་ཡལ་གའི་སྡེ། ཞེས་དང་། བདུད་རྩིའི་འབྱུང་ཁུངས་ལས། ལྕེ་མྱང་ཚ་ཞེས་བྱ་བའི་ཤིང་།། ལྷོ་རོང་ཚད་པའི་ཡུལ་དུ་སྐྱེ།། སྡོང་པོ་ཕྱི་སྐྱ་ནང་དམར་བ།། ལོ་མ་སྒོར་ཆུང་ཚེར་མ་ཅན།། ཡལ་ག་རིང་ལྡེམ་མེ་ཏོག་སེར།། རོ་ནི་ཚ་བེར་དྭ་བ་འདྲ།། རང་གི་ནུས་པས་གྲང་ནད་སེལ།། ཚ་བ་མི་སྐྱེ་རླུང་ལ་ཕན།། ཞེས་པས་འདི་བ་ལེ་ཀ་འདྲ་བ་ལས་ཁྱད་པར་ཤིང་གི་སྣ་སུལ་སྲབ་ལ་མང་བ། མདོག་མི་གསལ་ཞིང་བ་ཚ་ཅུང་ཟད་ཆགས་ཉམས་ཡོད་པ། རོ་ཚ་ཡང་ཙི་ཏྲ་ཀ་ཙམ་མི་ཚ་ལ་རིམ་པས་མྱངས་བཞིན་ཚ་བ་ཞིག་ལ་པགས་པ་ནག་ལ་མཐུག་པ་ཞིག་ཡོད།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ལྕེ་མྱང་ཚ་ཞེས་པ་སྨན་མིང་རྒྱ་མཚོར་ལྕེ་མྱང་ཚ་ནི་ཡལ་གའི་སྡེའོ་ཞེས་དང་། བདུད་རྩི་འབྱུང་ཁུངས་ལས། ལྕེ་མྱང་ཚ་ཞེས་བྱ་བའི་ཤིང་།། ལྷོ་རོང་ཚད་པའི་ཡུལ་དུ་སྐྱེ།། སྡོང་པོ་ཕྱི་སྐྱ་ནང་ནི་དམར།། ལོ་མ་སྒོར་ཆུང་ཚེར་མ་ཅན།། ཡལ་ག་རིང་ལྡེམ་མེ་ཏོག་སེར།། རོ་ནི་ཚ་བེར་དྭ་བ་འདྲ།། རང་གི་ནུས་པས་གྲང་ནད་སེལ།། ཚ་བ་མི་སྐྱེ་རླུང་ལ་ཕན།། ཞེས་གསུངས་པ་ལྟར་སྟོད་ནས་འགྲིམ་པའི་ཤིང་སྨན་དམར་ཁྲ་རོ་ཚ་བ་ཞིག་སྟེ། ཙི་ཏྲ་ཀ་ལ་ལྕེ་མྱང་ཚ་བྱེད། ཙི་ཏྲ་ཀ་གློ་ཡུལ་གྱི་ལྡུམ་སྨྱུག་མ་གཞོན་ནུ་འདྲ་བ་ལ་བྱེད་པ་ནི་རྣམ་པར་འཁྱམས་པ།
     སྨན་མིང་རྒྱ་མཚོ་ལས། ལྕེ་མྱང་ཚ་ཡིས་གྲང་སྐྲན་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ལྕེ་མྱང་ཚ་ནི། ཤིང་སྨན་ཞིག་ལ་བཤད་པའང་ཡོད་ཀྱང་དངོས་ནི་རྒྱམ་ཚ་འདྲ་བའི་ཚྭ་རིགས་དམར་ཤས་ཆེ་བ་སྟེ། དེ་མིག་ལ་ཕན།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ལྕེ་མྱང་ཚ་ནི། བྱང་ཕྱོགས་སུ་ལན་ཚྭ་བྲག་གི་རྣམ་པ་དཀར་པོ་ཤེལ་ལྟར་དྭངས་པ་བརྐོས་རྒྱགས་རུང་བ། ལ་ལར་དམར་ཤས་ཀྱང་ཡོད་པ་དེ་ཡིན། མཁྲིས་པར་མི་གནོད། ནད་པར་ཚྭ་འདི་མ་བསྲུང་ཡང་རུང་།
     མཛེས་མཚར་མིག་རྒྱན་ལས། ལྕེ་མྱང་ཚ་ནི། ཤིང་དང་ལན་ཚྭའི་རིགས་གཉིས་ཏེ། ཕྱི་མར་ཟླ་ཟེར་ལས། ཚྭ་མཆོག་ནི་རྒྱམ་ཚ་དང་ལྕེ་མྱང་ཚ། ཞེས་པ་ལྟར་ཆུ་ལས་འབྱུང་བའི་ཚྭ་དཀར་ལ་དམར་མདངས་ལྡན་པ་འམ་འཁར་གོང་དམར་པོ་འདྲ་སྟེ་གཡུ་ཐོག་པའི་གསེར་མཆན་དུ་བྱུང་ཞིང་། ད་ལྟ་བལ་པོས་རྒྱམ་ཚ་དམར་པོ་ཟེར་བ་ཡིན། སྒྲོན་གསལ་ལས། ལྕེ་མྱང་ཚ་ནི་དྲོ་མངར་མིག་ལ་ཕན།། ཞེས་པས། བད་རླུང་མ་ཞུ་གྲང་དང་མིག་ལ་ཕན།།

གོང་ངོས། ཡིག་ཆ་མི་འདུག
X