//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ཚེ་བསྲིང་། > དཔྱད་ཀྱིས་ཚེ་བསྲིང་། > ནང་དོན།

དར་མ་ལ་དཔྱད་ཀྱིས་ཚེ་བསྲིང་ཐབས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-19 9:17:26 ཀློག་གྲངས། 28 

དེང་སང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས་ནད་རིགས་ཀྱང་མི་འདྲ་བ་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་དེ།  དཔེར་ན་ཁྲག་ངན་འཕེལ་བའི་ནད་རིགས་སམ་ཡང་ན་བློ་བུར་དུ་ཀླད་ཁྲག་རྡོལ་བ་དང་སྙིང་རྩ་འགགས་པ། མཁལ་རྩ་འགྲམས་པ། ད་དུང་རུས་ལྷག་སོ་ལྷག་དང་ལྦ་བ་རྨེན་བུའི་ནད་དང་གཞང་འབྲུམ་ནད། མཆིན་ཁྲག་རྒྱས་པ་དང་གློ་སྙིང་མི་བདེ་བ་སོགས་ཀྱི་ནད་རིགས་གང་མང་ཞིག་དེང་སྐབས་ནད་ཐོག་ལག་ལེན་གྱི་ཁྲོད་དུ་འབྱུང་མང་བ་ནི་མིག་མཐོང་ལག་ཟིན་རེད།  དེའི་ཕྱིར་དུ་བདེ་ཐང་དཔྱད་བཅོས་ཀྱི་ལག་ལེན་སྟབས་བདེ་བོ་ཞིག་སྔ་མོ་ནས་བེད་སྤྱོད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། དེ་ནི་གཏར་ཁའི་ལག་ལེན་ལ་བྱང་ཚད་མཐོ་བའི་སྨན་པ་ཞིག་གིས་ནད་པའི་ལུས་ཁམས་ཀྱི་གནས་ཚུལ་ལ་གཞིག་ནས་གང་ལ་གང་འཚམ་གྱིས་ཁྲག་ངན་ཉུང་ཙམ་ཕྱིར་དབྱུང་བ་དང་།  གཞན་དུགས་ལུམས་བྱུགས་པ་དང་བསྐུ་མཉེ་སོགས་ཀྱི་ཕྱག་ལེན་རྣམས་མཐོང་གོམས་ཡོད་པའི་སྒོ་ནས་འཆོས་པར་མཁས་ན་གོང་དུ་བཤད་ཟིན་པའི་ནད་དེའི་རིགས་མི་འབྱུང་བར་སྔོན་འགོག་དང་ལུས་ཁམས་བདེ་ཐང་ཡོང་བར་ཤིན་ཏུ་སྨན་པས་ན་ཞིབ་ཕྲའི་ལག་ལེན་བྱེད་ཐབས་སོགས་ནི་སྨན་པ་མཁས་པའི་ཕྱག་ལེན་གྱི་མཐོང་བརྒྱུད་ཟབ་མོ་ལས་རྟོགས་དགོས་པ་ཡིན་ནོ། །

དང་པོ་ གཏར་གས་ཚེ་བསྲིང་ཐབས།

ཐོག་མར་དར་མའི་ལུས་སྟོབས་ཀྱི་བཟང་ངན་དང་ནད་གཞི་གཏར་རུང་མིན་ལ་གཞིག་ནས་ལོ་གཅིག་གི་ནང་ལ་རབ་ཡིན་ན་ཐེངས་རེར་བདེ་ཐང་གཏར་གའི་ལག་ལེན་ལྟར་ལུས་ཀྱི་ཁྲག་ངན་ཕྱིར་ཅུང་ཙམ་དབྱུང་ན་ལུས་ཁམས་བདེ་ཐང་གི་ཕྱོགས་ལ་ཕན་པ་ཆེན་པོ་ཡོད་པ་རེད།  གཏར་དམིག་ནི། སྒང་རྩ་དང་རུ་ཐུང་། མཁྲིས་པ་གཤའ་རིངས་དང་གློ་སྙིང་འདོམ་རྩ།  རྒྱུ་རྩ་དང་བྱིན་གཞུག་སོགས་འོས་ཤིང་འཚམ་ལ་རྙོག་གྲ་མེད་པ་ཞིག་གཏར་ན་བཟང་ངོ་།། ཕན་ནུས་ནི། གོང་གི་ཁྲག་ངན་འཕེལ་བའི་ནད་རིགས་ཐམས་ཅད་སྔོན་འགོག་བྱེད་ཐུབ་པ་དང་། དེ་བཞིན་དུ་པགས་མདངས་ལེགས་པ་དང་བཞིན་མདངས་འཕེལ་བ་མ་ཟད་ནད་མེད་བདེ་ཐང་ཡོང་པ་ལ་ཤིན་ཏུ་ལེགས་སོ།།

གཉིས་པ། བསྐུ་བྱུག་གིས་ཚེ་བསྲིང་ཐབས།

སྤྱིར་མི་གང་ཞིག་གིས་དུས་རྟག་ཏུ་ལུས་ལ་སྣུམ་བསྐུ་ཞིང་བྱུགས་པ་དང་མཉེ་བའི་ཆོ་ག་ལེགས་པར་སྤྱོད་པར་བྱེད་པ་དེས་ནི་རྒས་པའི་ན་ཚོད་ཀྱི་རྒུད་པ་ལས་བསྲིང་བ་དང་རྩོལ་བས་དུབ་ཅིང་ངལ་བ་དང་རླུང་གི་ནད་འཇོམས་པར་བྱེད་པ་ཡིན་ལ།  བྱེ་བྲག་ཏུ་མགོ་བོ་དང་རྐང་པ་དང་རྣ་བ་ལ་སྐབས་སྐབས་སུ་སྣུམ་བསྟེན་པར་བྱ་བ་དེས་ནི་ལུས་ཡང་ཞིང་ཚིལ་འབྲིད་པ་དང་ལུས་ཀྱི་སྐབས་ཕྱེད་དེ་སྐྱེ་མཆེད་གཙང་ཞིང་མེ་དྲོད་ལྷག་པར་དུ་སྐྱེད་པར་བྱེད་ཅིང་།  ལུས་མཁྲེགས་པ་དང་ལུས་ངག་ཡིད་ཀྱིས་ལས་གང་ཡང་ནུས་པ་སོགས་འདི་ལྟ་བུ་ཡང་དག་པའི་རྩོལ་བ་སྤྱད་པ་ལས་འབྱུང་བར་འགྱུར་རོ། ། འོན་ཀྱང་རྩོལ་སྤྱད་དེ་ཧ་ཅང་ཡང་ཐལ་དྲགས་ན་ལོག་པའི་སྐྱོན་དུའང་འགྱུར་སྲིད་པས་གོང་གི་ཡོན་ཏན་དེ་རྣམས་ལས་གཞན་དུ་གྱུར་ནས་ལུས་མ་རུངས་པར་འགྱུར་ཞིང་དམིགས་བསལ་དུ་རྒན་པོ་དང་བྱིས་པ་དང་རླུང་གི་ནད་དང་མཁྲིས་པའི་ནད་དང་དེ་གཉིས་ཀ་ལྡན་པའི་ནད་ཅན་གྱི་མི་རྣམས་ཀྱི་རྩོལ་སྤྱད་དེ་ལྷག་པར་དུ་ཡང་སྤང་བར་བྱའོ། ། བྱིས་པ་སོགས་མ་ཡིན་པའི་མི་སྟོབས་དང་ལྡན་ཞིང་ཁ་ཟས་སྣུམ་བག་ཤས་ཆེར་ཟ་བ་རྣམས་ཀྱིས་དགུན་དང་དཔྱིད་ཀའི་དུས་སུ་རྩོལ་སྤྱད་བྱ་ཞིང་ལྷག་པར་དུ་དེ་དང་མཐུན་པའི་ནད་ཁམས་བད་ཀན་ཅན་གྱི་མིས་ནི་རྩོལ་བཅག་འབད་པས་བསྟེན་པར་བྱའོ། ། དེ་ལྟར་བསྐུ་བྱུག་རྩོལ་བཅག་བྱས་པའི་རྗེས་སུ་སྲན་ཕྱེ་ལ་སོགས་པ་སྐམ་པའི་རྫས་ཀྱིས་ཕུར་ཏེ་སླར་ཡང་དྲིལ་ཞིང་ཕྱིས་པས་ནི་བད་ཀན་སེལ་ཞིང་ཚིལ་འཇུ་བར་བྱེད་པ་དང་པགས་པའི་མདོག་དྭངས་ཤིང་གསལ་ལ་ཡན་ལག་རྣམས་ཀྱང་བརྟན་ཞིང་མཉེན་པར་བྱེད་པའི་མཆོག་ཡིན་པར་ཤེས་པར་བྱའོ། །

གསུམ་པ། དབྱུག་བཅོས་ཀྱིས་ཚེ་བསྲིང་ཐབས།

དབྱུག་པའི་མན་ངག་སྦ་དཀར་ཁྲི་གང་ལ། ། བལ་དཀར་ནོར་བུ་ཐོ་བ་རབ་བརྗིད་ལྡན། ། བསྐྱེད་ཆོག་རྒྱས་བཏབ་ཤིས་བརྗོད་ལེགས་གྲུབ་ནས། ། གདོན་ཅན་ཤོ་རེ་མཛེ་ཡུགས་དམ་སེལ་ཅན། ། རེག་ཏུ་མི་འཇུག་ས་རྗེན་ལ་མི་བཞག རང་ཉིད་གསང་བདག་གསལ་བའི་ཐུགས་ཀ་ནས། ། འོད་འཕྲོས་ནད་གདོན་གནོད་བྱེད་ཐམས་ཅད་བཀུག གསང་དེར་བསྟིམ་ལ་དབྱུག་པས་བསྣུན་པའི་ཚེ། ། བགེགས་ཀྱི་གདུག་སེམས་ཟུག་རྔུའི་མཚན་འཛིན་ཀུན། ། གནམ་ལྕགས་འབར་བས་བསྣུན་པའི་སྦུར་བ་བཞིན། ། ཐལ་བར་བྱས་ཤིང་ནད་པར་གནོད་བྱེད་ཀྱི། ། སེམས་ཉིད་གཟུང་འཛིན་བྲལ་བའི་ཆོས་ཀྱི་དབྱིངས། ། སྟོང་ཉིད་སྙིང་རྗེའི་ངང་དུ་རོ་སྙོམས་བྱས། ། བསྣུན་ཐབས་ཤལ་གདོང་ཐུབ་རུས་པ་ལ། ། འདྲེད་ཐབས་དང་པོ་ཆུང་ངུ་རིམ་ཤེད་བསྐྱེད། ། གསང་དང་ཕན་ཡོན་ཕལ་ཆེར་མེ་དང་མཐུན། ། ཁྱད་པར་སྙིང་རླུང་སྟོད་འཚང་སྨྱོ་འབོག་གདོན། ། མ་ཞུ་གྲང་སྲིན་ནད་ཀྱི་དཔྱད་མཆོག་སྟེ། ། གཅོང་ཆེན་ཁྲག་མཁྲིས་ཚད་པ་སྦྲུམ་མར་སྤངས། ། རྣལ་འབྱོར་དབང་ཕྱུག་གྲུབ་ཆེན་ཨོ་རྒྱན་གྱིས། ། རྣོ་བའི་གསུང་ཚིག་མདོ་དོན་སྙིང་པོ་འདིས། ། ནད་གདོན་བགེགས་དཔུང་ཕྱེ་མར་འཐག་པ་ཡིན། ། བཀྲ་ཤིས་འགྲོ་བ་ཡོངས་ལ་ཐོབ་པར་ཤོག

དེ་ལྟར་བོད་ཀྱི་མཁས་པ་ཡིས། ། ཕྱག་ལེན་མཐོང་བརྒྱུད་མ་ཆད་པའི། ། མན་ངག་ཡིད་ཆེས་མངོན་སུམ་དུ། ། ངེས་པར་སྟེར་བྱེད་འདི་ལྟ་བུ། ། ཡིད་བཞིན་ནོར་ལྟར་ཀུན་ལ་མེད། ། དྲང་སྲོང་མཁས་པའི་སྙན་བརྒྱུད་རྣམས། ། སྔོན་ཆད་ས་སྟེང་མ་གྲགས་པའི། ། དཀོན་མེད་རྒྱལ་ཁམས་བསྐོར་ལ་དྲིས། ། བདེན་རྫུན་ལག་ཏུ་ལོངས་ལ་ལྟོས། ། བསོད་ནམས་སྤེལ་བའི་གཤོང་ཞིང་ཡིན། ། ཚེ་སྲོག་སྟེར་བའི་འདོད་འཇོ་ཡིན། ། འདོད་དགུ་འབྱུང་བའི་ནོར་བུ་ཡིན། ། ཀུན་གྱིས་ཤེས་ན་མཁས་པ་སུ། ། རྒྱ་གར་ཡུལ་ན་ཙན་དན་ཤིང་། ། ཁ་ཆེའི་ཡུལ་ན་གུར་གུམ་རྩ། ། དེ་ཕྱིར་རང་གི་ཁྱད་ནོར་བྱ། ། ཡང་ན་རིག་པ་དོན་མཉམ་བརྗེ། ། ཡང་ན་རིག་པ་ནོར་གྱིས་བླུ། ། ཡང་ན་དམ་ལྡན་སྙིང་རྗེ་ཆེ། ། གཞན་དོན་བྱེད་པའི་སློབ་བུ་ལ། ། གསོ་རིག་བསྟན་པ་སྤེལ་ཕྱིར་བྱིན། ། དགེ་བ་བྱང་ཆུབ་ཆེན་པོར་བསྔོ། ། ཞེས་གསུངས་པ་ལྟར་ཐོག་མར་མི་དེའི་རང་བཞིན་དང་གཟུགས་པོའི་གནས་ཚུལཉིན་རེའི་བླ་གནས་ཀྱི་རྒྱུ་ཕྱོགས་དང་གཟའ་སྐར་འཕྲོད་སྦྱོར་གྱི་ལེགས་ཉེས་སོགས་ལ་ཞིབ་ཏུ་བརྟགས་ནས་ནད་མེད་ཚེ་བསྲིང་གི་དཔྱད་བཅོས་རེ་རེའི་ཕྱག་ལེན་རྣམས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་ལག་ཏུ་ལེན་མཁས་ན་དར་མའི་ལུས་ཁམས་བདེ་ཐང་ཡོང་པ་ལ་ཕན་པ་ཆེན་པོ་ཡོད་པ་རེད།



X