>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

རྩབ་རུ་ཚ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:30:07 ཀློག་གྲངས། 30

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རྩབ་རུ་ཚ་ནུས་ཁ་རུ་ཚ་དང་མཚུངས།། ཞེས་པས། ལྕགས་ཕྲེང་ལས། རྩབ་རུ་ཚ་ནི་ནུས་པ་ཚ་ལ་རྣོ་བས་བད་ཀན་ཀུན་ལ་ཕན།། རླུང་ནད་ཅིག་ཚུག་དག་ལ་གནོད་པར་བཤད།། ཅེས་དང་། བདུད་རྩི་ཐིགས་པར། རྩབ་རུ་ཚ་ཡིས་དྲོད་སྐྱེད་སྒྲེགས་པ་སྦྱོང་།། ཡིད་འོང་དྲི་ཞིམ་བཤང་གཅི་སྲི་བ་སེལ།། བད་ཀན་ཡི་ག་འགགས་ལ་མཆོག་ཏུ་ཕན།། ཞེས་དང་། རང་བྱུང་པས། རྩབ་རུ་ཚ་ཡང་དེ་དང་འདྲ།། ཞེས་ཁ་རུ་ཚར་མཚུངས་ཞེས་སོ།། འདི་འགྲེལ་པ་ཟླ་ཟེར་ལས་རང་གྲུབ་ཡོད་པར་བཤད་པ་དང་།། བཟོ་ཐབས་ཡོད་པས་བཟོས་པ་གཉིས་སོ།། རང་གྲུབ་ནི་ཆུ་དང་བྲག་ལས་བྱུང་བ་ཁ་དོག་དཀར་པོ་མདུང་རྩེ་འདྲ་བ། བཟོ་མ་ནི་བཟོ་ལ་རག་ཀྱང་། འདྲ་ཡིག་ལས། རྩབ་རུ་ཚ་ནི་དམར་སྨུག་གོ་རུལ་འདྲ།། ཞེས་སོ།། གཟའ་རྒྱུད་ལས། རྩབ་རུ་ཚ་ནི་རྣོ་ལ་ཚ།། བད་སེལ་རླུང་ཤས་ཆེ་ལ་གནོད།། ཁྲག་དང་མཁྲིས་པ་ལ་མི་གནོད།། སྨུག་པོའི་ནད་ལ་སྤང་བར་བྱ།། ཞེས་དང་། སློབ་དཔོན་དཔའ་བོས། རྩབ་རུ་ཚ་ཡང་ཡིད་འོང་ཞིང་།། སྒྲེགས་པ་སྦྱོང་ཞིང་དྲི་ཞིམ་ལ།། ཞུ་རྗེས་ཚ་ཞིང་བཤང་སྲི་སེལ།། དྲོད་སྐྱེད་ཡི་ག་འབྱེད་བྱེད་ཡིན། ཞེས་བཤད།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཙབས་རུ་ཚ་བུ་རམ་བསྲེག་པ་འདྲ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། ཙབས་རུ་ཚ་ཡིས་གྲང་རླུང་མ་ཞུ་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཙབས་རུ་ཚ་ལའང་། རང་གྲུབ་དཀར་པོ་མདུང་རྩེ་འདྲ་བ་རབ་དང་། དམན་པ་བཟོས་པའི་ཚྭ་རིགས་དཀར་པོ་ཞིག་ཀྱང་འོང་ལ། དེ་དག་གིས་དྲོད་བསྐྱེད་ཅིང་སྦོ་སྒྲེག་འགྱིངས་པ་དང་བད་རླུང་འཇོམས།
     མཛེས་མཚར་མིག་རྒྱན་ལས། རྩབ་རུ་ཚ་ནི། ཟླ་ཟེར་ལས་རང་གྲུབ་པར་བཤད་པ་ནི། ཆུ་དང་བྲག་ལས་འབྱུང་བ་ཁ་དོག་དཀར་པོ་མདུང་རྩེ་འདྲ་བ་མཆོག ངན་པ་བཟོ་མ་ནི། སྔོ་དྭངས་བྱང་ཚ་ཆ་གསུམ། ཚ་ལ་རྒྱམ་ཚ་ཟེ་ཚ་མཚུར་དཀར་རྣམས་ཆ་ཕྱེད་རེ་རེ་རྣམས་འཇིག་དཀའི་སྣོད་པུར་བཞུས་ནས་འཁྱག་པོ་ཡིན་པར་བྱེ་བ་རིང་བསྲེལ་དུ་གསུངས། དཔའ་བོས། ཞུ་རྗེས་ཚ་ཞིང་གཤང་སྲི་སེལ།། ཞེས་སོ།།

གོང་ངོས། ཡིག་ཆ་མི་འདུག
X