>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལན་ཚའི་སྨན། > > ནང་དོན།

ཡ་བཀྵ་ར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-01 16:53:14 ཀློག་གྲངས། 24

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཡ་བཀྵ་རས་དྲོད་སྐྱེད་སྐྲན་ནད་སྦྱོང་།། ཞེས་པར། མིང་། རྒྱ་ནག་པས་ཀེའུ་ལ་ཀ་ཟེར། འདི་ལ་ཟླ་ཟེར་དུ། ནས་ཚིག་འཁུས་པའི་ཐལ་བ་ཞེས་བསྒྱུར་པས། ནས་སྔོན་པོ་དེ་མེ་ལ་བསྲེགས་ནས་ཞག་ཏུ་ལོན་པའི་ཐལ་བ་དེའི་ཁར་ཆགས་པའི་བ་ཚྭ་འདྲ་བ་དེ་ཡིན་ཞེས་འགྲེལ་བ་འདོད་འཇོར་བཤད་དོ།། འདུལ་བ་ནས་ཀྱང་། ནས་ཚིག་ཐལ་བར་འགྱུར་བྱེད་ཡིན་པར་གསུངས། ཟླ་ཟེར་ལས། ནས་ཚིག་འཁུས་པའི་ལན་ཚྭ་ནི།། སྐྲན་དང་སྙིང་ནད་སྐྱ་རྦབ་དང་།། སོགས་གསུངས། བསྒྱུར་ཚུལ་ཡང་། ཡ་བ་ན། ནས་ཡིན་ལ། ཀྵ་ར་འགྱུར་བ་ཡིན་པས། ཇི་ལྟ་བ་ཡིན་ན། ཡ་བ་ན་ཀྵ་ར་ཡོང་དགོས་རྒྱུ་ལ་བར་ནས་ན་མེད་པ་དང་། འགྱུར་རང་ཡང་། ནས་འགྱུར་བ། ཟེར་བ་ལས་ཚིག་པ་དང་ཐལ་བ་ཟེར་བའི་སྐད་དོད་མེད་ལ། ཚིག་པ་དོན་དུ་འགྱུར་བ་ལོས་ཡིན་ཡང་། ཚིག་པ་ཁ་རྐྱང་དུ་མ་ཟད་འགྱུར་ལུགས་མང་དུ་ཡོད་པ་དང་། ནས་འགྱུར་བ་མ་ཡིན་པའི་སྒྲ་གཞན་ལའང་མི་འཇུག་པའི་ངེས་པ་མེད་པས་ཐེ་ཚོམ་པའི་གནས། འོན་ཀྱང་དེང་སང་ལག་ཏུ་ལེན་བྱ་དངོས་ནི། རྒྱུད་རིན་སྤུངས་པ་ལས། ཡ་བཀྵ་ར་བག་ཕྱེ་སིག་མེད་འདྲ།། བཅངས་ན་ཁྲིག་སྒྲ་འབྱིན་པས་ཁ་བ་འདྲ།། ཞེས་གསུངས་བཞིན། ཕུག་པ་གྲོག་པོ་སོགས་ལས་ཆགས་པའི་བ་ཚ་དཀར་པོ་ཡང་ལ་མངར་བག་ལྡན་པ་བཅངས་ན་ཁྲིག་སྒྲ་འབྱིན་པ།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཡ་བཀྵ་ར་བག་ཕྱེ་འདྲ།།
     སྨན་མིང་རྒྱ་མཚོ་ལས། ཡ་བཀྵ་རས་དབྱིག་དུག་སེལ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། ཡ་བཀྵ་རས་སྐྲན་བཤིག་དྲོད་བསྐྱེད་བྱེད།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བེེཌཱུརྱའི་མེ་ལོང་ལས། ཡ་བཀྵ་ར་ཞུ་རྗེས་དྲོད།། ནུས་པས་སྐྲན་ནད་བཤིག་སྦྱོང་དྲོད་སྐྱེད་བྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཡ་བཀྵ་ར་ནི། ལ་ལས་ནས་སྔོན་མེར་བསྲེགས་པའི་ཐལ་བ་ཞག་གཅིག་སོང་བའི་ཁར་བ་ཚ་འདྲ་བ་ཆགས་པ་ལ་བཤད་པ་དང་། ཁ་ཅིག་ཏུ་ནས་ཚིག་ཐལ་བ་རང་ལ་བཤད་པ་སོགས་ཡོད་ཀྱང་དེང་སང་བྲག་ཆེན་པོ་སོགས་ཀྱི་འོག་ལ་ཆགས་པའི་ཐལ་བ་དཀར་པོ་ལག་པར་བཟུང་ནས་བཙིར་ན་སྐད་འདོན་པ་དེ་ལ་ངོས་འཛིན་ཀྱང་དེ་དག་ནུས་པ་འདྲ་ལ། དེས་དྲོད་བསྐྱེད་ཅིང་སྐྲན་ནད་སྦྱོང་།
     མཛེས་མཚར་མིག་རྒྱན་ལས། ཡ་བཀྵ་ར་ནི། འདུལ་བ་དང་ཟླ་ཟེར་དུ་ནས་ཚིག་ཐལ་བར་བསྒྱུར་བ་ནི། སྐད་ཀྱི་དོན་ཡིན་ཏེ། དེ་ལྟར་བསྒྱུར་བའི་སྒྲ་ཚིག་ཙམ་གྱི་རྗེས་སུ་འཛིན་པའི་འགྲེལ་པ་འདོད་འཇོ་ལ་ནོར་བར་བཻ་སྔོན་ནས་གསུངས། དངོས་ནི། རྒྱུད་རིན་ཆེན་སྤུངས་པ་ལས་བྱུང་བ་བཞིན་བུལ་ཏོག་གི་རིགས། བྲག་ཆེན་ཕུག་པ་གྲོག་པོ་སོགས་ཀྱི་འོག་ཏུ་ཆགས་པའི་ཐལ་བ་དཀར་པོ་ཡང་ལ་མངར་བག་ལྡན། ལག་གིས་བཙིར་ན་ཁྲིག་སྒྲ་འབྱིན་པའོ།། དེས་དྲོད་སྐྱེད་སྐྲན་ནད་གཅོད།

གོང་ངོས། ཡིག་ཆ་མི་འདུག
X