>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

པུཥྐར་མཱུ་ལ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-05 8:34:34 ཀློག་གྲངས། 11

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། པུཥྐར་མཱུ་ལས་བད་ཀན་ཚ་བ་སེལ།། ཞེས་པར། རང་བྱུང་པས། པུཥྐར་རྩིབ་ལོགས་གཟེར་བ་འཇོམས།། ཤུ་ཟུར་ནུས་པ་དེ་དང་མཚུངས།། ཞེས་གསུངས། པུཥྐར་ཞེས་པ། འགའ་ཞིག་པུཥྞཱི་མེ་ཏོག་ལ་འཇུག ཀར་ཞེས་པ་ཁ་དོག་ལ་འཇུག་པས་མེ་ཏོག་དཀར་པོ་ཅན་གྱི་མ་ནུ། ཞེས་འཆད་ཀྱང་ཁྱབ་ཆུང་སྟེ། དཀར་པོ་ནི་དའི་འཕུལ་ཅན་གྱི་ཀ་ལས་དབྱངས་མཐའི་ཀ་སྲོག་མེད་དྲངས་པའི་ཀ་རྐྱང་མི་ཐོབ་པར་མ་ཟད་རྒྱ་བོད་སྐད་བསྲེས་པས་མི་འཐད། མེ་ཏོག་དཀར་པོར་འདོད་ན་སི་ཏ་པུཥྞཱི་ལྟ་བུའི་ཁ་དོག་སྔོན་དུ་འགྲོ་བའི་རྒྱ་སྐད་ཡོང་དགོས། པུཥྐ་ར། ཞེས་ར་སྲོག་ཅན་ཡིན་པ་ལས་ཀ་ལ་ཡར་སྦྱར་རྒྱུ་མིན། བོད་སྐད་དང་འདྲེས་པར་བསྡུ་བ་བྱས་ནས་དཀར་ཟེར་བ་ཟུར་ཆག་པ། པུཥྐ་ར་ནི་རྒྱས་བྱེད་ཡིན་ལ། མཱུ་ལ་རྩ་བ་སྟེ། རྒྱས་བྱེད་རྩ་བའོ།། དོན་ལ་འདིས་ཤ་ཚིལ་སྐྱེད་པས། ལྗོན་ཤིང་ལས། པུཥྐར་མཱུ་ལས་སྐེམ་པོ་ཤ་རྒྱས་བྱེད།། ཅེས་སོ།། ལྡུམ་རར་འཛུགས་པའི་མ་ནུ་ལ་རིགས་ཀྱི་ཁྱད་པར་ལས་མ་ནུ་གཡུང་བ། ལོ་སྡོང་སྔ་མ་ལས་ཆུང་ལ་རྩ་བ་རྐང་གཅིག་དཀར་པོ་ཤིན་ཏུ་མཁྲེགས་ལ་རོ་ཚ་ཤས་ཆེ་བ་དེ་ཡིན་གསུངས། འདྲ་ཡིག་ལས། པུཥྐར་མཱུ་ལ་ལུག་སུག་འདྲ།། ཞེས་གསུངས་པ་ནི། སུག་པ་ལ་ར་སུག་ལུག་སུག་གཉིས་ཡོད་པའི་ལུག་སུག་དཀར་མཁྲེགས་རྐང་གཅིག་དེ་འདྲ་གསུངས། ཟུར་པས་ཁམས་ཀྱི་རུ་རྟ་ལ་མཛད་པ་ཡང་ནུས་པ་མཐུན་པས་རུང་བར་བཤད།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། པུཥྐར་མཱུ་ལ་ལུག་སུག་འདྲ།།

གོང་ངོས། ཡིག་ཆ་མི་འདུག
X