>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

དབང་པོ་ལག་པ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 9:29:36 ཀློག་གྲངས། 157

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། དབང་པོ་ལག་པས་ལུས་སྟོབས་ཁུ་བ་སྐྱེད།། ཅེས་པར། རང་བྱུང་བས། དབང་པོ་ལག་པས་དྭངས་མ་སྐྱེད།། ཅེས་པར་མིང་། ཨིནྡྲ་པཱ་ཎི། ཨིནྡྲ་ཀ་ར། ཨིནྡྲ་ཧསྟ། དབང་པོ་ལག་པ། བ་ལ་ཝརྔྷ། སྟོབས་སྐྱེད། ཨིཎྚཾ། བརྒྱ་བྱིན། ཧབ་ཤང་ཚེའུ་ཟེར། འདི་ལ་རིགས་གཉིས་ཏེ། དབང་པོ་ལག་པ་དང་བྱེ་ལྕེ་ལག་པ། ལོ་རྒྱུས་མདོར་བསྡུས་ནི། སྔོན་ཚེ་བརྒྱ་བྱིན་གྱི་བུ་དབང་པོ་སྟོབས་ལྡན་གྱི་ལག་པར་གནོད་སྦྱིན་སྦྲུལ་མགོ་ཅན་གྱི་བུ་བྱེ་ལྕེ་བྱ་བས་མདའ་བརྒྱབ་ནས་བཅད་པ་དང་། དབང་པོས་གྲིས་བྱེ་ལྕེའི་ལག་པར་བརྒྱབ་ནས་བཅད་པའི་ཚེ།དབང་པོའི་ལག་པར་རལ་གྲི་འཆང་བཞིན་སར་ཆད་པར་སྨོན་ལམ་བཏབ་པས་བཅུད་ལྡན་དབང་ལག་ཅེས་ལག་པ་ས་འོག་རྩ་བར་སྐྱེས་ལ་རལ་གྲིས་སྟེང་དུ་ལོ་མར་ཕྱུར་བ་དང་། བྱེ་ལྕེའི་ལག་ཏུ་མདའ་འཆང་བ་སྔ་མ་བཞིན་ལག་པ་སོར་མོ་རྣམས་གྲིས་བྲེགས་ཤུལ་སྐྱེས་ལ་མདའ་ས་སྟེང་དུ་ལོ་སྡོང་དབྱིབས་བཅས་སྐྱེས་པར་བཤད། འདི་དག་གི་ཁུངས་དང་དབྱེ་བ་ངོས་འཛིན་སྦྱོར་བ་སོགས་རྒྱས་པ་དབང་པོ་ལག་པའི་རྒྱུད་དང་མན་ངག་གི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པ་ཁོ་བོས་ལོགས་སུ་བྱས་པར་གསལ། མདོ་ཙམ་སྔོ་འབུམ་དུ། དབང་ལག་ཉིན་སྲིབ་སྐམ་གཤེར་སྐྱེ།། ལྡུམ་བུ་མི་རྒོད་ལག་པ་འདྲ།། ལོ་མ་རལ་གྲིའི་འཁོར་ལོ་ཅན།། སྡོང་པོ་ལྷ་ཡི་མཆོད་སྡོང་ལ།། མེ་ཏོགདངུལ་གྱི་པ་ཏྲ་ཅན།། སྐམ་སྐྱེས་དཀར་ལ་རླན་སྐྱེས་དམར།། རྩ་བ་མི་ཡི་ལག་པ་དེ།། གསར་རྙིང་ཐལ་མོ་སྦྱར་ནས་སྐྱེ།། རོ་ནི་མངར་སྣུམ་བཅུད་དང་ལྡན།། ནུས་པས་ཁུ་བ་དབང་སྟོབས་སྐྱེད།། ཅེས་བཞིན་ལས། རྩ་བ་མཛུབ་མོ་ལྔ་པ་རང་བཟང་ཞིང་།། དེ་ལས་ཉུང་རིམ་གྱིས་དམན་པ།། རྩ་ལོ་འདྲ་ལ་མེ་ཏོག་སྤང་ལས་སྐྱེས་པ་དཀར།། ན་ལས་སྐྱེས་པ་དམར།། དྲི་མ་ཙནྡན་དམར་པོའི་དྲི་དང་ལྡན་པ་ཡིན། འདི་དུག་ཕྱུང་བ་དྲོད་དུ་དབབ་པ།བཅུད་དུ་དགུག་པ་རྣམས་བཅུད་ལེན་དུ་གཏོང་ན་དགོས། གཞན་གཏང་ཡུལ་དང་བསྟུན་པར་བྱ། བྱེ་ལྕེ་ལག་པ་ནི། ལོ་སྡོང་ཆུང་ལ་སྡོང་པོ་མདའི་དབྱིབས་ཅན་རྩ་བ་སོར་མོ་མེད་པའི་ལག་པའམ་སོར་མོ་གཅིག་གཉིས་ཡོད་པའང་འབྱུང་། ནུས་པ་སྔ་མ་ལས་དམན་པ་ཡིན།
གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། དབང་པོ་ལག་པའི་རོ་ནི་མངར་ལ་སྙི།། ན་དང་ཆུ་མིག་འགྲམ་ན་སྐྱེ།། སྐམ་ལ་སྐྱེས་པའི་མེ་ཏོག་བེ་སེར་པོ།། རྩ་བ་མི་ཡི་ལག་པ་འདྲ།། སོར་མོ་བཞི་གསུམ་ལྔ་པ་ཡོད།། དེ་ཡི་རྩ་བ་འོ་མ་དང་སྦྱར་ཟོས་གྱུར་ན།། མཁལ་ནད་ཀུན་ལ་ཕན་པར་འགྱུར།། སེམས་གསལ་རོ་ཙ་སྟོབས་ལྡན་འགྱུར།། ཕྱེ་མ་མིག་ལ་བཏབ་ན་ཁ་བས་ ཕྱིད་ལ་ཕན།།
     གཡུ་ཐོག་སྔོ་འབུམ་ལས། དབང་པོ་ལག་པ་ན་ལ་སྐྱེ།། འདབ་མ་ས་འབྱར་སྣུམ་ཞིང་འཇམ།། མེ་ཏོག་དམར་པོ་ལུག་རུ་འཁྱིལ།། ངར་པ་རིལ་མོ་འབྲས་བུ་སྤུངས།། རིང་ཐུང་སོར་བཞི་སོར་ལྔ་མ།། རྩ་བ་བུ་ཆུང་ལག་པ་འདྲ།། ནུས་པས་གྲང་བ་ཆུ་སེར་ཕན།། རྒས་སྲ་ལུས་སྟོབས་ཁུ་བ་སྐྱེད།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། དབང་པོ་ལག་པ་རོ་མངར་ཞུ་རྗེས་དྲོ།། ལུས་སྟོབས་ཁུ་བ་བསྐྱེད་པའི་མཆོག་ཡིན།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། དབང་པོ་ལག་པ་ལ། མཆོག་ནི་སྐམ་སའི་སྤང་སོགས་ལ་སྐྱེ་བ་ལོ་རྐང་ལྗང་གུ་ལོ་མ་ཉག་མེད་འཇོང་པོ་རམ་ལོ་དང་ཏཱ་ལ་འདྲ་ལ་ཤིན་ཏུ་འཇམ་པ་མེ་ཏོག་སྔོ་སེར་དར་དཔྱངས་འཁྱིལ་འདྲ་སྙེ་མ་བྲ་བོ་འདྲ་ལ་ནར་མོ་ཟུར་ཅན་མཆོད་རྟེན་བརྩེགས་པ་ལྟ་བུ་ནང་བྱེ་མ་འདྲ་བས་གང་བ་ཅན་དང་། དམན་པ་ན་དང་ཆུ་ཁར་སྐྱེ་ལ་མེ་ཏོག་སེར་པོ་ཅན་ཏེ། གཉིས་ཀའི་རྩ་བ་མིའི་ལག་པ་འདྲ་བའི་སོར་མོ་དྲུག་ཡན་ཚོགས་བདག་དང་ལྔ་ཅན་དབང་ལག་སྟེ་རབ་དང་། བཞི་གནོད་སྦྱིན་འབྲིང་། གསུམ་དང་གཉིས་དྲི་ཟ་དང་གཅིག་ཐེའུ་རང་ལག་པར་བཤད་པ་རྣམས་དམན་ལ། ཡང་ཕོ་ལག་མོ་ལག་འདྲེ་ལག་གསུམ་དུའང་བྱེད་དེ་དེ་དག་གིས་ལུས་སྟོབས་དང་ཁུ་བ་བསྐྱེད་ཅིང་དུག་སྡུད།
     མཛེས་མཚར་མིག་རྒྱན་ལས། དབང་པོ་ལག་པ་ནི། སྐམ་ས་སྤང་སོགས་སུ་སྐྱེ་བ་ལོ་རྐང་ལྗང་གུ་ལོ་མ་ཉག་མེད་འཇོང་པའམ་མེ་ཏོག་སྔོ་སེར་དར་དཔྱང་འཁྱིལ་འདྲ་ཞིང་། སྙེ་མ་བྲ་བོ་ལྟ་བུར་ནར་མོ་ཟུར་ཅན་མཆོད་རྟེན་བརྩེགས་པ་འདྲ་བའི་ནང་བྱེ་མ་ལྟ་བུས་གང་བ་སྟེ། སྔོ་འབུམ་དུ། སྐམ་སྐྱེས་དཀར་ལ་རླན་སྐྱེས་དམར། ཞེས་པ་ལྟར་སྔོ་དམར་དང་དཀར་ལ་བེའུ་སེར་པོ་གཉིས་འབྱུང་། དེའི་རྩ་བ་ལག་མཛུབ་འདྲ་བ་སོར་མོ་དྲུག་ཡན་ཚོགས་བདག་དང་། ལྔ་པ་དབང་ལག་སྟེ། བཞི་པ་གནོད་སྦྱིན། གསུམ་གཉིས་པ་དྲི་ཟ། གཅིག་པ་ཐེའུ་རང་ལག་པ་དམན་པ་དང་། སོར་ཐུང་ཕོ་དང་རིང་བ་མོ་ལག་ཚིགས་ཅན་ལ་འདྲེ་ལག་ཀྱང་ཟེར། བྱེ་ལྕེ་ལག་པ་ནི། ཆུར་སྐྱེ་བ་ལོ་ཆུང་སྡོང་པོ་མདའི་དབྱིབས་ཅན། མེ་ཏོག་སེར་ཆུང་གི་རྩ་བ་སོར་མོ་མེད་དམ་གསུམ་བཞི་ཡོད་པ་ཕལ་བ། དུག་ཕྱུང་བ་སོགས་བཅུད་ལེན་དུ་དགོས་ཤིང་། སྨན་བུ་ལས། གྲང་ཆུར་འཁྲུས་པས་དུག་འབྱུང་བར་བཤད། དེས་ལུས་སྟོབས་ཁུ་བ་བསྐྱེད།

གོང་ངོས། བལ་ཏིག
X