>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

སྨན་སྒ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 10:04:51 ཀློག་གྲངས། 38

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྨན་སྒས་དྲོད་སྐྱེད་ཟས་ལེན་བད་རླུང་འཇོམས།། ཞེས་པར། བདུད་རྩི་ཐིགས་པར། སྒ་ནི་རྩུབ་ཅིང་བད་ཀན་སེལ་བར་བྱེད།། ཅེས་དང་། ལྕགས་ཕྲེང་ལས། སྒེ་གཤེར་རྩུབ་ལ་ཚ་སྟེ་སྟེ་ཞུ་རྗེས་བསིལ།། སྨན་སྒ་ཚ་མངར་ཞུ་རྗེས་མངར་ཡང་དྲོ་བ་ཡིན།། ཞེས་དང་། སྨན་གྱི་བྱིངས་ལས། སྨན་སྒ་ནི་ཚ་བའི་ཚ་བ་མངར་བའོ།།གཏེར་མཛོད་ལས། སྨན་སྒ་ཚ་མངར་ཞུ་རྗེས་མངར།། ཟས་ལེན་དྲོད་སྐྱེད་བད་རླུང་སེལ།།་།བདུད་རྩི་བུམ་པར། སྨན་སྒ་དང་ནི་སྒ་སྐྱ་གཉིས།། ཚ་མངར་ཚ་བ་ཞུ་རྗེས་ནི།། མངར་དང་ཁ་སྟེ་བད་རླུང་སེལ།། དང་། བདུད་རྩི་ཕྲེང་བར། སྨན་སྒ་པགས་མངར་ཤ་ནི་ཚ།། ཞུ་རྗེས་མངར་བར་ཞུ་བ་ཡིན།། ནུས་པས་བད་རླུང་སེལ་བྱེད། དང་། སྙིང་པོ་བསྡུས་པར། དོང་གྲས་གློ་རྣག་འདྲེན་པར་བྱེད། དང་། བརྒྱད་པར། དོང་གྲ་དྲོད་སྐྱེད་རོ་ཙ་དང་། འཁྲུ་གཅོད་ཡིད་འོང་སྒྲེགས་པ་སེལ། ཡི་ག་འབྱེད་ཅིང་ཞུ་རྗེས་མངར།། ཁོང་སྣུམ་དྲོད་སྐྱེད་བད་རླུང་སེལ།། སྒེ་གཤེར་དེ་དང་འདྲ་བ་ཡིན།། ཞེས་དང་། རང་བྱུང་པས། དོང་གྲས་གློ་རྣག་གྱེན་དུ་འདྲེན།། ཞེས་གསུངས། མིང་ནི། པུཎྛི།། ཤྲིངྒ་བཻ་ཏ། བཅའ་སྒ། ཨརྟུ། ཤུཎྜྀ།། ཤུཎྜྀ་ཤྲིངྒ། ནཱ་ག་ར། དོང་གྲ། ལི་དོང་གྲ། ཀེ་ལ་ཀ སྒ་སྨུག ཤི་ཤྭ་བེ་ལ། སྒ་སྒེའུ། སྒ་བོ་ཆེ། སྒ་དམར། སྒ་རྒོད། སྤོད་སྒ་རྣམས་ཟེར། འདི་ལ་སྒེ་གཤེར་ཟེར་བ་སྒ་རློན་པར་འཇུག་པར་བཤད། ཕལ་ཆེར་གྱིས། སྒེ་གཤེར་ཞེས་པའང་སྒ་སྐྱ་འདི་ཉིད་དུ་ངོས་བཟུང་དགོས་པ་ལ། དེང་སང་ཕལ་ཆེར་གཤེར་ཞེས་པའི་ཚིག་ལ་འཁྲུལ་ནས་རློན་པ་ཡིན་ཞེས་ཀྱང་། དེས་ན་སྨན་མཐའ་དག་ལ་སྐམ་རློན་མི་འདྲ་བའི་ནུས་བཤད་དགོས་པར་སེམས་ཤིང་། ཡང་འགའ་ཞིག་ནས་སྒེ་གཤེར་སྒ་སྐྱ་སྨན་སྒ་ཞེས་སོ་སོར་བཤད་པ་ལྟར་ན་སྒ་རིགས་མི་འདྲ་ཞིག་ཏུ་དོགས་ནའང་། མན་ངག་རྒྱུད་ཀྱི་སྦྱོར་སྡེ་རྣམས་སུ་སྒེ་གཤེར་གྱིས་ཁྲག་འཇུ་བར་ཤས་ཆེར་གསུངས་པས་འདི་ཉིད་འཐད། ཅེས་གསུངས་འདུག་པ་འདི་ནི་གོ་བཟོ་བྱས་པ་ཁྱབ་ཆུང་སྟེ། སྒེ་གཤེར་ནི་ངེས་པར་རློན་པ་ཡིན་ཏེ།འདི་ལ་བཅའ་སྒ་དང་སྨན་སྒ་ཟེར་བའི་རྒྱུ་མཚན་ཀྱང་། བཟའ་བ་དང་བཅའ་བ་ཞེས་ཁ་ཟས་སུ་བཟའ་བའི་མིང་ཡིན་ལ།རྒྱ་གར་ནག་གིས་བཟའ་བའི་སྤོད་ཡིན་ལ། ཡུལ་སོ་སོའི་ཞིང་ལ་འཛུགས་པས། ཡུལ་སྡེ་རྣམས་ལ་སྒ་འདི་དང་སྒོག་པ་ལ་ཕུག་གསུམ་དབྱར་དགུན་སྟོན་དཔྱིད་དུས་ནམ་ཡང་རློན་པ་མ་གཏོགས་སྐམ་པོ་མི་སྲིད་པས་དེའི་ནུས་པ་དང་། སྨན་སྒ་ཞེས་པ། སྒ་དེ་ངོ་བོ་གཅིག་ཀྱང་སྨན་པ་རྣམས་སྐམ་པོ་སྨན་ལ་གཏོང་རྒྱུ་བྱས་པ་ལས་རློན་པ་མེད་པས་སྐམ་པོ་སྨན་པའི་སྒའོ།། རློན་པ་བཅའ་བའི་སྒའོ།། ཕལ་ཆེར་དུ་ཡང་དེ་དག་ཀྱང་དབྱེ་ན་བཅག་པའི་ཁ་དོག་དཀར་ལ་སྣུམ་བག་ཆུང་བ་སྨན་སྒ་དང་།བཅག་ཁ་དམར་ཁམ་སྣུམ་བག་ཅན་དེ་དོང་གྲ་དང་། གསུངས་འདུག་པ་ཡང་འོལ་ཚོད་དེ། འོ་ན་སྨན་སྒ་དང་། དོང་གྲ་སྒ་སྐྱ་སྒ་སེར་ཞེས་རིགས་བཞི་ཡོད་དགོས་པར་ཐལ། སྒ་རིགས་གསུམ་ལས་རྒྱུད་མན་ངག་དག་དུའང་མ་བཤད་ལ། གསུམ་ནི་ཁ་དོག་དབྱེ་བས་སྒ་དམར་དོང་གྲ་ལ་ཟེར་བ་དང་། སྒ་སྐྱ་སྒ་གཡུང་ལ་ཟེར། སྒ་སེར་ཡུང་བ་ལ་ཟེར་བ་སྟེ་གསུམ་མོ།། བཅག་འཕྲོ་དཀར་ལ་སྣུམ་བག་ཆུང་བ་དེ་ཤེད་མ་རྫོགས་ཤིང་མ་སྨིན་པ་དང་། བཅག་ཁ་དམར་ཁམ་སྣུམ་བག་ཅན་དེ་ཤེད་རྫོགས་པར་སྨིན་པ་ཡིན་པ་ལག་ཏུ་ལོན་པར་ཀུན་གྱིས་ཤེས་པའོ།། དེས་ན་སྨན་མཐའ་དག་ལ་སྐམ་རློན་མི་འདྲ་བའི་ནུས་པ་བཤད་དགོས་པར་སེམས་གསུངས་པའང་མ་བརྟགས་པའི་གསུང་སྟེ། སྨན་མཐའ་དག་ནི་ཉེ་རིང་མ་ངེས་སྣ་ཚོགས་ནས་སྐམ་པོ་མ་གཏོགས་རློན་པ་མི་འབྱུང་། བྱུང་ཡང་གཏོང་སྲོལ་མེད་པ་ལ་རློན་ནུས་བཤད་པ་མེད། སྤོད་རིགས་ལ་སྐམ་སྤོད་རློན་སྤོད་ཡོད་པར། ནུས་པ་ཡང་སོ་སོར་བཤད་ཡོད་མོད། གང་ཞེ་ན། སློབ་དཔོན་དཔའ་བོས། པི་པི་ལིང་རློན་བད་སྐྱེད་མངར།། བསིལ་ཞིང་ལྕི་ལ་སྣུམ་པ་ཡིན།། སྐམ་པོ་དེ་ལས་ལྡོག་པ་སྟེ།། སྣུམ་ཞིང་རོ་ཙ་རོ་ཚ་ལ།། ཞུ་རྗེས་མངར་ཞིང་བད་རླུང་དང་།། ལུད་པ་དབུགས་མི་བདེ་སེལ་འཁྲུ།། ཞེས་སྤོད་ནར་ལ་སྐམ་རློན་སོ་སོར་ནུས་པ་བཤད་པ་དང་། དེ་བཞིན་སྒ་ལའང་སྐམ་རློན་ནུས་པ་བཤད་པ། ལྕགས་ཀྱི་ཕྲེང་བའི་ལུང་གོང་དུ་སྨོས་པས་དང་། སྒོག་པ་ལ། ལྗོན་ཤིང་ལས། སྒོག་རློན་ཞིམ་སྣུམ་དྲོད་སྐྱེད་ཡི་ག་འབྱེད།། སྐམ་པོ་ཚ་རྣོ་མཁྲིས་སྐྱེད་ཡི་ག་ལྡོག།  ཞེས་སོ་སོར་དང་། ལ་ཕུག་ལ་གདམས་པ་སུམ་ཅུའི་སྒྲོན་གསལ་ལས། བཙོས་པས་རླུང་སེལ་རྗེན་པས་ཉེས་ཀུན་སྐྱེད།། སྐམ་པོས་བད་རླུང་སེལ་ལ་རློན།།རྣོ་རྩུབ་བད་སེལ་རླུང་ནད་སྐྱེད་པར་བྱེད།། ཅེས་བཤད་མོད། མན་ངག་རྒྱུད་དུ། སྒེ་གཤེར་ཁྲག་འཇུ་བར་བཤད་པས་སྒ་སྐྱ་ཡིན་དུ་འོས་ན་སྟར་བུ་དང་མཛོ་ཚེར་གྱིས་ཀྱང་ཁྲག་འཇུ་བས་སྒ་སྐྱ་ཡིན་དགོས་སོ།། ལར་ཁྲག་འཇུ་ཞེས་པའི་རྒྱུ་མཚན་ཀྱང་མ་གོ་བས་ལན། གྲང་བས་ཟས་སོགས་མ་ཞུ་བ་དྲོད་སྨན་གྱིས་བཞུ་བ་ནི་ཆུ་ལ་འཁྱག་ཆགས་པ་ཉི་མས་བཞུ་བ་ལྟ་བུ་ཡིན་ལ་དེ་དང་ཁྲག་འཆག་མི་འདྲ་སྟེ། ཁྲག་འཆག་ཅེས་ཁྲག་དྲོད་ཀྱི་རང་བཞིན་ཡིན་པ་དེ་ཟས་སྤྱོད་སོགས་དྲོད་དང་འཕྲད་པས་སྟོབས་ཆེར་སྐྱེད་པས་བསྡུས་ཏེ་འཐག་ནས་སྐེམ་པའི་དབང་གིས་ཁྲག་གར་མ་རྩ་མིག་ཏུ་མཁར་ནས་ཁྲག་ཤ་ལྟར་ཆགས་པ་སྟེ། གཉེན་པོ་བསིལ་བས་དྲོད་སྟོབས་སྨད་ནས་བཞུ་ཞེས་ཁྲག་འཆག་དེ་དཀྲུགས་པས་ཞིག་ནས་སླ་བ་ཆུ་ལྟར་གཏོང་བ་ལ་ཟེར་བ་སྟེ། དཔེར་ན་ཞོ་སྐ་མོར་ཆགས་པ་ཞིག་ནས་དར་བ་སླ་མོར་འགྱུར་རམ། སྦྱིན་ཆུ་སྐ་མོར་ཆགས་པ་ཆུ་མང་དུ་བསྣན་པས་སླ་ནས་ཆགས་མི་ནུས་པ་ལྟ་བུའོ།། དེས་ན་གྲང་ཤས་ཅན་ཟས་མ་ཞུ་ན་དྲོད་སྨན་བསྟེན་ནས་འཇུ་ལ། ཁྲག་ཤེད་ཅན་ཟས་མ་ཞུ་བ་ལ་བསིལ་སྨན་གྱིས་འཇུ་ལ་དེ་གཉིས་གོ་ལྡོག་ན་གནོད་ཚབ་ཆེ་བས་ཤེས་སོ།། དེ་ཕྱིར་གོང་གི་ལྕགས་ཕྲེང་ལུང་ལས། སྨན་སྒ་ཞུ་རྗེས་དྲོ་བར་བཤད་པས་ཁྲག་ལ་གནོད་ནའང་སྒེ་གཤེར་ཞུ་རྗེས་བསིལ་བས་ཁྲག་འཆག་འཇུ་བས་ན་སྒ་སྐྱ་ལ་ལྟོས་མ་དགོས་སོ།། ལག་ལེན་རིན་ཆེན་གཏེར་སྤུངས་ལས་ཀྱང་སྒ་གཤེར་དང་བཅའ་སྒ་གཅིག་པ་ཡིན་གསུངས་སོ།། འདྲ་ཡིག་ལས། དོང་གྲ་སྦལ་པ་རྐང་མེད་འདྲ།། ཞེས་སོ།། འདི་རྒྱ་ཡུལ་སོགས་སུ་ཞིང་ལ་སྒོག་པ་ལྟར་བཙུགས་པ་ཡིན་འདུག་གོ། སྨིན་མ་སྨིན་ལས་བཟང་ངན་དང་རིགས་དབྱེ་མེད།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། སྨན་སྒ་ར་མཉེ་སྐམ་པོ་འདྲ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། སྨན་སྒ་རོ་ཚ་ཞུ་རྗེས་དྲོད་ཡིན་ཏེ།། ནུས་པས་སྣོད་ཀྱི་གྲང་བ་མ་ལུས་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སྨན་སྒ་ནི། ལོ་རྐང་ལྗང་ལ་རྩ་བ་དཀར་ལ་དམར་མདངས་ཅན་རྩི་མཁྲེགས་པ་རོ་མངར་ཚ་ཅན་ཏེ་ནང་གསེས་ཀྱི་དབྱེ་ན་བཅག་ན་ནང་དཀར་ལ་སྣུམ་བག་ཆུང་བ་སྨན་སྒ། དམར་ཁམ་སྣུམ་བག་ཅན་དོང་གྲའམ་བཅའ་སྒའམ་སྒ་རྒོད་རྣམས་ཡོད་ལ། དེ་དག་གིས་དྲོད་བསྐྱེད་ལ་ཟས་ལེན་ཞིང་བད་རླུང་སེལ་ལ། ལ་ལས་སྨན་ཁར་བཏབ་ན་ཕན་ཟེར།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། གླང་ཆེན་པི་ལིང་བཅག་པའི་ཁ་དོག་དཀར་ལ་སྣུམ་བག་ཆུང་བ་སྨན་སྒ
     མཛེས་མཚར་མིག་རྒྱན་ལས། སྨན་སྒ་ནི། བཅའ་སྒ། དོང་གྲ། སྒ་སྨུག སྒ་བོ་ཆེ། སྒ་དམར། སྒ་རྒོད། སྒེ་གཤེར། མ་ནུ་ཤུ་ཟུར། ཟུར་བ། ཟུར་བ་དཀར་པོ་ཟེར། རྒྱ་གར་དང་རྒྱ་ནག་ཏུ་འཛུགས་པའི་ལོ་རྐང་ལྗང་ལ་རྩ་བ་དཀར་དམར་མདངས་ཅན་རྩི་མཁྲེགས་པ་བཟའ་བའི་སྤོད།

གོང་ངོས། མ་ནུ་ཤུ་ཟུར།
X