>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

རུ་རྟ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 10:12:01 ཀློག་གྲངས། 54

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། རུ་རྟས་རླུང་ཁྲག་ཕོ་བ་སྦོས་པ་སེལ།། གློ་ནད་གག་པ་ཤ་རོ་གཅོད་པར་བྱེད།། ཅེས་པར། ལྕགས་ཕྲེང་ལས། རུ་རྟ་ནུས་པ་གཉིས་ལྡན་ཏེ།། མ་རུལ་སྨྱོ་ཡང་ནུས་པ་ཡིན།།ཞེས་དང་། རུ་རྟ་རྣོ་དྲོ་སྐྲན་དང་བད་ཀན་བཤིག། སེར་བླ་འཁྱིལ་བ་འབྱིན་པར་བྱེད།། ཅེས་དང་། རང་བྱུང་པས། མ་ནུ་རུ་རྟ་འདུ་བ་སྙོམས།། ཞེས་དང་། རུ་རྟ་དཀར་དང་ནག་པོ་གཉིས།། ཚད་འཁྲུགས་གཉན་ནད་སྲོག་རླུང་འཇོམས།། ཞེས་གསུངས་སོ།། རུ་རྟ་ཞེས་པ་རུ་ཐུང་ངུ་ནི་རབ་ཏུ་ལ་འཇུག་ལ། རཱུ་རྟ་ཞེས་པ་རཱུ་རིང་པོ་བྱེད་པ་ཁ་ལོ་ལ་འཇུག རུ་ཐུང་བ་དང་ཏ་ལ་ར་མགོ་སྦྱར་བ་བོད་ལུགས་ལ་སོང་བས་ཟུར་ཉམས་པ། མ་ནུ་རུ་རྟ། རབ་ཏུ་ཡིད་འོང་། མ་ནུ་རཱུ་རྟ། ཁ་ལོ་ཡིད་འོང་སྟེ། སྐབས་འདིར་ཁ་ལོ་ཡིད་འོང་སྟེ། འདིའི་ཁ་ལོ་ལས་དྲི་མ་ཡིད་འོང་བའི་ས་ལས་འབྱུང་བས། མིང་ནི། ཀུཥྐཱ། མཛེ་ཅན། ཀུཥྠ། སོ་བ་ལ་ཀུཥྐཱ། བྷཱ་དྷ། རོ་ག རུཎྡྲི་རྣམས་ནད་ཅན་ཏེ། དོན་ཡང་རྩ་བར་ཚི་ཁུ་ཁྲག་དང་ཆུ་སེར་འདྲ་ཡོད་པས་མཛེ་ཅན་དང་། རྩ་བར་གསར་པ་སྐྱེ་དུས་ནས་ཁོང་རུལ་བ་ལྟ་བུ་ཡོད་པས་ནད་ཅན་ཏེ་ཤ་རུ་ལྟར་ཁོང་སྟོང་པས། འདི་ལ་དཀར་ནག་གཉིས་འབྱུང་བས། དཀར་པོ་ཁམས་ཀྱི་རུ་རྟས་ཚད་འཁྲུགས་གཉན་ཚད་སེལ། ཞེས་དང་། ནག་པོ་རྒྱ་གར་དང་ལ་སྟོད་ཏི་སེའི་ཕྱོགས་སོགས་ནས་རི་སྐྱེས་ཞིང་འཛུགས་ཅི་རིགས་འབྱུང་བ་དྲི་ཞིམ་པས་སྤོས་ཀྱི་གཙོ་བོར་བྱེད་པས་རླུང་ཤས་ཆེ་བ་ལ་ཕན་པ་ཡིན། གཉིས་ཀར་འདྲ་ཡིག་ལས། རུ་རྟ་ཤ་རུ་གོག་པོ་འདྲ།། ཞེས་སོ།། ལྕགས་ཕྲེང་ལས་མ་རུལ་སྨྱོ་ཡང་ནུས་གསུངས་པའི་རྒྱུ་མཚན་བཅས་མ་ངེས། ལུང་ཕྱི་མར་སེར་བླ་འཁྱིལ་པ་ནི། སེར་བུའི་བླ་ནི་རླུང་ནད་ཡོད་པའི་བླ་རྟགས་སུ་སྦོས་པས་ཁོང་རླུང་འཁྱིལ་བ།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། རུ་རྟ་ཤ་རུ་གོག་པོ་འདྲ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། རུ་རྟ་རོ་ཁ་ཅུང་ཟད་ཚ་བ་ཡིན།། ཞུ་རྗེས་བསིལ་ལ་གློ་སྙིང་ཁྲག་ཚད་སེལ།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། རུ་རྟ་ཚ་མངར་ཁ་ཞིང་ཞུ་རྗེས་སྙོམས།། རྣོ་དྲོ་རླུང་ཁྲག་ཕོ་བ་སྦོས་པ་སེལ།། བད་ཀན་གློ་ནད་གག་པ་ཤ་རོ་གཅོད།། ཆུ་སྲི་ཟླ་མཚན་འཁྱིལ་བའང་སེལ་བར་བྱེད།།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། རུ་རྟ་དངོས་རྒྱ་གར་ནས་འབྱུང་བ་ནི་ཁམས་དང་རོང་མཚམས་སུ་སྐྱེ་བ་འདི་རྣམས་དང་དབྱིབས་འདྲ་ལ་རྩ་བ་ཤིན་ཏུ་ཆེ། ལོ་མ་ཁམ་རུས་འདྲ་བ་ཙོག་པུར་སྐྱེ་བ་ཡོད།
     མཛེས་མཚར་མིག་རྒྱན་ལས། རུ་རྟ་ནི། མ་ནུ་རུ་རྟ་དང་། འདྲ་ཡིག་ཏུ། རུ་རྟ་ཤ་རུ་གོག་པོ་འདྲ།། ཞེས་པ་ལྟར་ཤ་ཕོ་རུ་རྟ་ཡང་ཟེར། ལོ་རྐང་ལྗང་སེར་མེ་ཏོག་དཀར་པོའི་རྩ་བར་འདོད་པའང་མ་ངེས། རྩ་བ་རིགས་གཉིས་ཁམས་ནས་འོང་བ་དཀར་པོ་དང་། སྟོད་རྒྱ་གར་ཏི་སེ་ནས་ཡོང་བ་དྲི་ཞིམ་པོ་སྤོས་ཀྱི་གཙོ་བོ་ནག་པོ་ཡིན།

གོང་ངོས། ཡིག་ཆ་མི་འདུག
X