>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

ལང་ཐང་རྩེ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 10:14:20 ཀློག་གྲངས། 26

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ལང་ཐང་རྩེ་ཡིས་སྲིན་ནད་སེལ།།
     འཇམ་དཔལ་གྱི་སྔོ་འབུམ་ཆེན་མོ་ལས། བདུད་རྩི་ལང་ཐང་རྩེ་ཞེས་བྱ།། སྐམ་ས་རི་ཐང་མཚམས་སུ་སྐྱེ།། ལོ་མ་གཟེ་མ་ས་བཏབ་འདྲ།། འདབ་མ་བྱའུ་ཆུ་འཐུང་འདྲ།། མེ་ཏོག་མཐིང་ཞུན་དྭངས་མ་འདྲ།། འབྲས་བུ་ཡོས་ཀྱི་སྦོ་ག་འདྲ།། སྨན་གཅིག་ཡིན་པས་སྡེབ་ཟླ་མེད།། མགོ་རྨ་གསོ་བའི་བདུད་རྩི་སྔོ།། རྩ་ཆད་དར་གྱི་སྐུད་ལྟར་མཐུད།།
     གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། ལང་ཐང་རྩེ་ཡི་འབྲུ་གུས་སྲིན་ནད་འཇོམས།།
     གཡུ་ཐོག་སྔོ་འབུམ་ལས། ལང་ཐང་རྩེ་ནི་མུ་ལ་སྐྱེ།། ལོ་མ་སྤུ་ཅན་ཆེ་བ་ལ།། ངར་པ་རིལ་མོ་མང་བ་སྟེ།། རིང་ཐུང་ཁྲུ་རེ་མདའ་རེ་ཙམ།། མེ་ཏོག་སྲད་མ་ཅུང་ཟད་འདྲ།། གང་བུ་རིལ་བ་སྤྱི་བླུགས་འདྲ།། འབྲས་བུ་ཞིབ་མོ་མཁལ་མ་འདྲ།། སྲིན་ནད་གྲང་བ་སེལ་བར་བྱེད།།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ལང་ཐང་རྩེ་ནི་ལྡུམ་རར་སྐྱེས།། སྡོང་པོ་ཕྲ་ལ་རིང་བ་ལ།། གང་བུ་རིལ་བ་སྤྱི་བླུགས་འདྲ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ལང་ཐང་རྩེ་ནི། ལྡུམ་ར་སོགས་ལ་སྐྱེ་བ་ལོ་ལྗང་ཉག་ཅན་རྐང་ཕྲ་རིང་ལྡེམ་པ་གང་བུ་སྤྱི་བླུགས་འདྲ་ལ་བསྒྲེངས་པ་འབྲུ་ཏིལ་ཙམ་ལེབ་ཆག་སེག་བརྡར་རིས་ཅན་མཆོག་དང་། ཕལ་བ་ཐང་ཕྲོམ་ནག་པོ་དང་འདྲ་ལ་འབྲུ་ཆེ་བ་སྟེ། ཐང་ཕྲོམ་དང་འདི་གཉིས་ཀྱིས་སྲིན་ནད་སེལ།

གོང་ངོས། ཡིག་ཆ་མི་འདུག
X