>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ལྡུམ་བུ་ཐང་སྨན། > > ནང་དོན།

སུམ་ཅུ་ཏིག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 10:18:19 ཀློག་གྲངས། 12

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སུམ་ཅུ་ཏིག་གིས་མཆིན་མཁྲིས་ཚ་བ་སེལ།། ཞེས་པར།ལྕགས་ཕྲེང་ལས། སུམ་ཅུ་ཏིག་ནི་བསིལ་ལ་རྣོ།། ཞེས་དང་། དཔག་བསམ་ལྗོན་ཤིང་ལས། སུམ་ཅུ་ཏིག་གིས་བད་མཁྲིས་སེལ།། རྨ་ཚད་གསོད་ལ་ཚད་ནད་འཇོམས།། ཞེས་པ་ལ། རིགས་ཆེ་ཆུང་གཉིས་འབྱུང་། ཆེ་བ་མེ་ཏོག་སེར་ཤས་ཆེ་བ་རོ་ཤིན་ཏུ་ཁ་བ་དང་། ཆུང་བ་མེ་ཏོག་དམར་ཤས་ཆེ་ལ་རོ་མི་ཁ་བ། རྗེ་རང་བྱུང་པས། སུམ་ཏིག་ཆེ་བས་རྣག་རྣམས་སྐེམ།། ཆུང་བས་རྒྱུ་ལོང་ཁྲད་ནད་སྐེམ།། ཞེས་གསུངས། འཁྲུངས་དཔེར། སུམ་ཅུ་ཏིག་ཅེས་བྱ་བ་ནི།། གཡའ་སྤང་ནགས་དང་བྲག་ལས་སྐྱེ།། ལོ་མ་ལེབ་ཆུང་རྐོ་མ་མཆུ།། པདྨ་སྤུངས་བཞིན་གདན་དུ་སྐྱེ།། ངར་པ་དམར་པོ་བ་སྤུ་ཅན།། ཚི་ཅན་མེ་ཏོག་དམར་ལ་སེར།། རོ་ཁ་ནུས་པ་ཤིན་ཏུ་བསིལ།། ཞེས་གསུངས། རྟོག་པ་བརྗོད་པ་ལས། གངས་ཅན་བྲག་ལྗོངས་འཛིན་པའི་སུམ་ཅུ་ཏིག། པད་གདན་ཟངས་གོས་གསེར་གྱི་ཕྲེང་བས་བརྒྱན།། རིགས་ལྔའི་ནུ་མོར་བཅས་པའི་བདུད་རྩི་དང་།། མཁྲིས་ཚད་རྩད་ནས་གཅོད་པའི་གཙོ་མོ་ལགས།། ཞེས་གསུངས་པས་གཙོ་མོ་དེ་ལ་རིགས་ལྔའི་ནུ་མོ་ཡང་ཡོད་པར་ཨོ་རྒྱན་རིན་པོ་ཆེ་དང་དྭགས་པོ་ཟླ་འོད་གཞོན་ནུ་དྷརྨ་སཽ་མཱི་རྣམས་ཀྱིས་བཤད་པའི་ནུ་མོ་ལྔ་ནི། གསེར་ཏིག དངུལ་ཏིག ཟངས་ཏིག ལྕགས་ཏིག གུར་ཏིག་དང་ལྔའོ།། གསེར་ཏིག་ནི། རང་བྱུང་པས། གསེར་ཏིག་བད་མཁྲིས་རིམས་ཚད་སེལ།། ལྕགས་ཏིག་ཟངས་ཏིག་དངུལ་ཏིག་གསུམ།། རུས་ཚད་སེལ་ཞིང་མགོ་ལ་ཕན།། ཞེས་སོ།། འཁྲུངས་དཔེར། གསེར་ཏིག་ཡུངས་ཀར་སྡོང་བུ་འདྲ།། ལོ་མ་སྡོང་བུ་གདེངས་པ་ལ།། མེ་ཏོག་དམར་སེར་ཤིན་ཏུ་གསལ།། རོ་ནི་ཁ་བའི་མཆོག་ཡིན། རང་གི་ནུས་པས་བད་ཀན་སེལ།། གཅིག་ཐང་ནུས་པས་རིམས་གསར་འཇོམས།། ཞེས་པ་ཤས་ཆེར་གྲམ་ཁྲོད་ཞིང་མུ་སོགས་ལས་ཡུངས་ཀར་ལྟར་སྐྱེ་བ་འབྲས་བུ་སེར་ཞིབ་མེ་ཏོག་ཤིན་ཏུ་སེར་ལ་དམར་མདངས་ཆགས་པས་གསལ་བ་དེའོ།། དངུལ་ཏིག་ནི། འཁྲུངས་དཔེར། དངུལ་ཏིག་མེ་ཏོག་དཀར་པོ་སྟེ།། ལོ་མ་སྡོང་བུ་རབ་ཏུ་རིང་།། རོ་ནི་ཁ་ལ་ནུས་པ་རྩུབ།། སྨན་ནད་ཐམས་ཅད་སེལ་བར་བྱེད།། ཅེས་པས་གསལ། ཟངས་ཏིག་ནི། འཁྲུངས་དཔེར། ཟངས་ཏིག་རྫ་ཤག་སྤང་ཤར་སྐྱེ།། སྡོང་པོ་དམར་མང་ངར་པ་མེད།། ལོ་མ་མང་སྤུངས་སྤུ་ཆུང་ཅན།། མེ་ཏོག་དམར་སེར་མགོ་མང་འཁྲིགས།། རོ་ནི་མངར་ཁ་ཅུང་ཟད་འཇམ།། རྒྱལ་པོ་གསེར་རྐེད་ཅན་ཡང་ཟེར།། རླུང་ཚད་ལྡན་པའི་མཁྲིས་ནད་སེལ།། ཞེས་པས་གསལ་ལོ།། ལྕགས་ཏིག་ནི། འཁྲུངས་དཔེར། ལྕགས་ཏིག་ཆུ་འགྲམ་སྤང་ལས་སྐྱེ།། སྡོང་པོ་ལྕགས་ཀྱི་ཐུར་མ་ལ།། ལོ་མ་སྔོ་ལྗང་རྟིང་པས་དྲིལ།། ངར་པ་ནག་ཅིང་ཕྲ་བ་ལ།། མེ་ཏོག་སྔོ་སྐྱ་རྡོ་རྗེའི་ར།། མང་བས་གར་སྐྱེ་ས་མདོག་སྔོ།། གང་བུ་ཟར་མའི་གང་བུ་འདྲ།། འབྲས་བུ་ལྕགས་ཀྱི་རིང་བསྲེལ་ཞིབ།། རོ་ཁ་རྨ་ཚད་རིམས་ཚད་སེལ།། ཞེས་པས་རྟོགས།
     གསོ་དཔྱད་སྔོའི་མན་ངག་སྔོ་འབུམ་ལས། སུམ་ཅུ་ཏིག་གིས་རུས་པའི་ཚད་པ་སེལ།། སྡོང་པོ་བྱི་རུའི་མཆོད་སྡོང་འདྲ།། སྦྱར་བས་ཀུན་གྱི་གྲོགས་སུ་འགྱུར།། མེ་ཏོག་གསེར་གྱི་ས་ག་འདྲ།།
     གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། སུམ་ཅུ་ཏིག་ནི་སྲིབས་མོར་སྐྱེས།། ལོ་མ་པདྨ་སྤུངས་པ་འདྲ།། སྡོང་པོ་བྱུ་རུའི་མཆོད་སྡོང་འདྲ།། མེ་ཏོག་གསེར་གྱི་པདྨ་འདྲ།། སྤྱིར་ནི་རྒྱལ་པོ་གདན་བཞུགས་འདྲ།། རང་གི་ནུས་པས་རུས་ཚད་སེལ།། ཚད་རིམས་ནད་ལ་བདུད་རྩི་འདྲ།།
     གཡུ་ཐོག་སྔོ་འབུམ་ལས། སུམ་ཅུ་ཏིག་ནི་སྤང་སྲིབས་སྐྱེ།། འདབ་མ་ཕྲ་ཞིང་ངར་པ་དྲང་།། རིང་ཐུང་སོར་བཞི་སོར་ལྔ་ཙམ།། མེ་ཏོག་སེར་པོ་དྲིལ་བུ་ཁ།། རོ་ཁ་ནུས་པས་བད་སྨུག་སེལ།། བཅུད་ཀྱི་ལེན་གྱི་མཆོག་ཏུ་འགྱུར།།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། སུམ་ཅུ་ཏིག་གཡའ་གསེབ་སྤང་ལ་སྐྱེ།། ལོ་མ་ལེབ་ཆུང་ཀོ་མ་མཆུ།། ངར་པ་དམར་སེར་བ་སྤུ་ཅན།། མེ་ཏོག་དམར་སེར་སྤ་མ་མགོ།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། སུམ་ཅུ་ཏིག་ནི་རོ་ཁ་ཞུ་རྗེས་བསིལ།། མཁྲིས་ཚད་སེལ་ཅིང་ཁྲག་ནད་མགོ་གཟེར་གཅོག།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། སུམ་ཅུ་ཏིག་ཀྱང་རོ་ཁ་ཞུ་རྗེས་བསིལ།། མཆིན་མཁྲིས་ཚད་སེལ་ཁྲག་ནད་མགོ་གཟེར་གཅོག།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སུམ་ཅུ་ཏིག་ནི། གཡའ་སྤང་ལ་སྐྱེ་བ་ལོ་མ་ལེབ་ཆུང་རྐོ་མའི་མཆུ་འདྲ་ལྗང་གུ་མེ་ཏོག་སེར་ཆུང་པདྨ་སྤུངས་འདྲའི་རྐང་ལྗང་ཁུ་བ་སྤུ་ཅན་ཏེ། དེས་མཆིན་པ་དང་མཁྲིས་པའི་ཚ་བ་སེལ།
     མཛེས་མཚར་མིག་རྒྱན་ལས། སུམ་ཅུ་ཏིག་ནི། སྤང་ལ་སྐྱེ་བ་ལོ་མ་ལེབ་ཆུང་རྐོ་མའི་མཆུ་འདྲ་ལྗང་གུ། མེ་ཏོག་སེར་ཆུང་པདྨ་སྤུངས་པ་འདྲ་ལ་རྐང་ལྗང་སྤུ་ཅན་ཏེ། འདིར་རིགས་གཉིས་ལས། ཆེ་བའི་མེ་ཏོག་སེར་ཤས་ཆེ་བ་རོ་ཤིན་ཏུ་ཁ་བ་དང་། ཆུང་བའི་མེ་ཏོག་དམར་ཤས་ཆེ་ཞིང་རོ་མི་ཁ་བ།

གོང་ངོས། ཡིག་ཆ་མི་འདུག
X