>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཀ་རཉྫ།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 10:41:33 ཀློག་གྲངས། 39

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཀ་རཉྫ་ཡིས་ཕོ་བའི་མེ་དྲོད་སྐྱེད།། ཅེས་པ་ལ། མིང་། ཀ་རཱཉྫ། ལག་སྐྱེས་ཟེར། ཞེས་ཟུར་མཁར་གྱིས་གསུངས་ཀྱང་། གང་བུ་ཐལ་མོ་ཁ་སྦྱར་འདྲ་བས་དེའི་མིང་ཡིན་ཨ་ཙ་རས་ཟེར་བ་རང་སྐད་དོད་ཀྱང་མཚུངས། ཀ་ར་ལག་པ། ཨཉྫ་ཐལ་མོ་ཡིན། ལག་པའི་ཐལ་མོ་ཞེས་སོ།། དོན་ལ་འདི་ངོས་འཛིན་ལུགས་མང་དུ་བྱུང་ལ། བྲང་ཏིས་འཇམ་འབྲས་ཡིན། ཞེས་གཡུ་ཐོག་པས་གསུངས། ཞེས་དང་། ཆེར་རྗེ་ཞིག་པོས་སྲིན་བུ་དམར་ལེབ་ལ་ངོས་བཟུང་བ་དང་། བྱང་པ་ཤང་དཀར་བས། སྒ་དམར་དུ་བཞེད་པ་དེར་ལེགས་པར་རྟོགས་ཤིག་ཞེས་ཟུར་མཁར་བས་གསུངས། སྐྱེམས་པ་ཚེ་དབང་འཇམ་འབྲས་སུལ་མང་བར་ཡོད་གསུངས། འགའ་ཞིག་ཟླ་གོར་ཞོ་ཤའི་རི་མོར་འདོད། ཡན་ལག་བརྒྱད་པའི་རང་འགྲེལ་དུ། ཀ་རཱཉྫ་རྣམ་པ་གཉིས་དང་། ཞེས་རིགས་གཉིས་ཡོད་པར་གསུངས། མེས་པོའི་ཞལ་ལུང་དུ། དོན་དུ་འཇམ་འབྲས་རང་ཡིན། འཇམ་འབྲས་དང་ཀ་རཉྫ་གཅིག་པར་གོང་དུ་བཤད་མོད། འོ་ན་ཟློས་པར་འགྱུར་རོ་ཞེ་ན། གོང་དུ་ནུས་པ་ཁྱད་པར་བའི་དབང་དུ་བྱས་པ་ཡིན་ལ། འདིར་ནི་སྨད་ཀྱི་འབྲས་སྣ་གསུམ་པོ་མཉམ་དུ་མཁལ་ནད་སེལ་བའི་དབང་དུ་བྱས་པ། ཞེས་དང་། འབྲི་གུང་ཆོས་གྲགས་པས། ཡན་ལག་བརྒྱད་པའི་རང་འགྲེལ་ལས། ཀ་རཱཉྫ་རིགས་གཉིས་གསུངས་པས། འཇམ་འབྲས་ལ་རིགས་ཆེ་ཆུང་གཉིས་འབྱུང་བ་ལ་དགོངས། ཞེས་གསུངས། འཇམ་འབྲས་དང་གཅིག་པ་ལས་རིགས་ཆེ་ཆུང་གཉིས་གསུངས་པར་འདི་ཞེས་མ་གསུངས། ཕྱི་རབས་ཁ་ཅིག་ཏུ། ཀ་རཱཉྫ་འཇམ་འབྲས་ཀྱི་སྐད་དོད་ལ་མི་འཇུག་ཅིང་། ཀ་རཱཉྫའི་མིང་གི་རིགས་དང་འཇམ་འབྲས་ཀྱི་སྐད་དོད་མི་འདྲ་ཙམ་འདུག་པ་དང་། རྐྱང་སེལ་ཐ་དད་པས། དེ་གཉིས་གཅིག་པ་ནི་མིན་ངེས་ལ། རུང་མཐུན་གྱི་སྦྱོར་བའི་ཚེ་ནའང་འཇམ་འབྲས་མཁལ་མའི་གྲང་བ་སེལ་བས་ནུས་པ་མི་འགལ་ཙམ་ཡིན་ཀྱང་ཕོ་བའི་མེ་དྲོད་སྐྱེད་པ་སོགས་ཁྱད་པར་གྱི་ནུས་པ་མི་ཚང་ཞིང་། འཁྲུངས་དཔེ་ཁུངས་མ་དང་ངོ་མ་འཕྲོད་ཀྱང་། ངོ་བོ་ནི། ཤིང་དྲོད་ཅན་གྱི་འབྲས་བུ་རོ་དང་ཞུ་རྗེས་ཤིན་ཏུ་ཁ་ལ་སྦྲུལ་གྱི་སྒོ་ང་ལྟ་བུ་ཞིག་འོངས་ལ། དེ་ལ་མཁས་མཆོག་དཔའ་བོས། མདོག་ཁམ་ནག་དང་ལྗང་གུ་གཉིས་སུ་གསུངས་ཀྱང་དེང་སང་ཆེས་དཀོན་པས། དེ་རྟེན་སྟོབས་འགྱུར་བའི་དབང་གིས་ཕོ་བའི་མེ་དྲོད་རྣམས་སྐྱེད་པར་བྱེད་ལ། རུང་མཐུན་སྦྱོར་ན། འཇམ་འབྲས་ལས་སྨན་སྒ་ལ་ནུས་པ་སྤྱི་དགོས་གཉིས་ཀ་ཚང་། ཞེས་གསུངས། འདི་དག་ནི་གོང་མ་དགོངས་པ་རྣམས་ནི་གསལ་ཁ་ཆེ་བ་མ་མཛད། རྗེས་འཇུག་དག་པ་རྣམས་ནི་ཤེས་ལ་ཁད་པར་ཞིབ་དབྱེ་མ་ཕྱེད། མ་དག་འཁྲུལ་པ་རྣམས་ནི་འོལ་ཚོད་འབའ་ཞིག་འཆད་པའོ། འགའ་ཞིག་ནི་འོལ་ཚོད་རྐྱང་བ་སྟེ། སྐད་དོད་མི་འདྲ་གསུངས་པ་ནི་སྐད་དོད་རང་མ་གོ་བ་ཡིན། ཀ་རཱཉྫ་ཞེས་པ་ཟུར་མཁར་པས་ལག་སྐྱེས་ལ་བསྒྱུར་པ་རང་ཡང་ཤེས་ལ་ཁད་པ་སྟེ། ཀ་ར་ལག་པ། ཛ་སྐྱེས་པ་ཡིན་ཡང་། བར་དེར་ཨན་སྒྲ་ལྷག་པ་ལུས། གང་ཡིན་ན། ཀ་ར་ལག་པ། ཨཉྫ་ཐལ་མོ་སྟེ། ཀ་ར་དང་ཨཉྫ་མཚམས་སྦྱར་ལ་མཚུངས་འདྲའི་ཆོ་གས་ཀ་རཱཉྫ་བྱུང་། དེ་གང་ཞེ་ན། འཇམ་འབྲས་ཀྱི་ནང་ནས་རིགས་གཅིག་གི་གང་བུ་ཐལ་མོ་ཁ་སྦྱར་འདྲ་བའི་ནང་ནས་འབྲས་བུ་སྦྲུལ་སྒོང་འདྲ་འབྱུང་བས། ཛོ་ཀི་ཕལ་ཆེར་རྒྱུ་མཚན་བཅས་གསུངས་ནས་མིང་ཡང་ཨཉྫ་ལི་ཟེར་མོད། རྐྱང་སེལ་ཐ་དད་གསུངས་པའི་ལན་ནི་མེས་པོའི་ཞལ་ལུང་གིས་ཆོད། འཇམ་འབྲས་ལ། ཕོ་བའི་མེ་དྲོད་སྐྱེད་པའི་ནུས་པ་མེད་གསུངས་པ་ནི། ཕྱི་རྒྱུད་སེ་འབྲུ་བརྒྱད་པའི་འཁྲུལ་འཁོར་དུ། འཇམ་འབྲས་བསྡེབས་པས་ཕོ་བའི་མེ་དྲོད་སྐྱེད། གསུངས་པ་འདི་ཐུགས་ཀྱི་ཡུལ་དུ་མ་ཤར་བས་ལན། ཤིང་དྲོད་ཅན་གྱི་འབྲས་བུ་རོ་དང་ཞུ་རྗེས་ཁ་བ་ཡོད་གསུངས་པའང་མ་བརྟགས་པའི་གསུང་སྟེ། ཤིང་དྲོད་ཆེན་ལ་འབྲས་བུ་ཁ་བ་སྐྱེ་ཐབས་མེད་ལ། རོ་ཁ་བས་མེ་དྲོད་སྐྱེད་མི་ནུས་ཏེ། རོ་ཁ་བ་ནི་འབྱུང་བ་ཆུ་རླུང་གཉིས་ཀྱིས་སྐྱེད་པས་ན། ཆུའི་ཡོན་ཏན་སླ་བསིལ་ལྕི་རྟུལ་སྣུམ་འཇམ་མཉེན་བདུན་དང་། རླུང་གི་ཡོན་ཏན་ཡང་གཡོ་གྲང་རྩུབ་སྐྱ་སྐམ་དྲུག་སྟེ། ཁ་བ་ལ་ཡོད་པའི་ཡོན་ཏན་བཅུ་གསུམ་པོ་འདིས་ནང་ན་ཕོ་བའི་མེ་དྲོད་སྐྱེད་པ་གང་ཡོད་གཟིགས་དང་། དཔའ་བོས་འཇམ་འབྲས་ཀྱི་ཁ་དོག་གཉིས་གསུངས་པ་ངོས་མ་ཟིན་པས་དེང་སང་ཆེས་དཀོན་གསུངས་པ། སྔོན་བྱོན་རྣམས་ཀྱིས་ངོས་བཟུང་བ་མིན་པར་མཛད་ན། སྔར་ནས་ངོས་མ་ཟིན་མ་མཐོང་བར་ཐལ་བས། དེང་སང་དཀོན་སྨྲ་བ་ལས་སྔར་ནས་དཀོན་པས་མེད་སྨྲ་བ་འཐད། སྨན་སྒ་གཏོང་བ་འཐད་ཅེས་བྱང་པའི་རྗེས་སུ་འབྲངས་ན། ཕྱི་རྒྱུད་རྒོད་མ་ཁ་ཕྱེ་སྦྱར་སྐབས། ཀ་རཱཉྫ་དང་བཅའ་སྒ་ཙི་ཏྲ་ཀ་གསུངས་པར་ཀ་རཱཉྫ་ལ་སྒ་ལན་གཅིག་དང་བཅའ་སྒ་ལ་ལན་གཅིག་སྟེ་ལན་གཉིས་བསྐྱར་དགོས་སམ་གཟིགས་ཤིག འོ་ན་གང་ལ་འདོད་ཅེ་ན་རང་ལུགས་ནི། འཇམ་འབྲས་རིགས་གཉིས་ལས། ནང་འབྲས་ཁ་དོག་སྔོ་ཤས་ཆེ་བ་ཕྱིའི་གང་བུ་ཟླུམ་པོ་ནས་བྱུང་བ་ནང་གི་ཚི་གུ་རོ་འཇམ་པ་དེ་ལ་རྒྱ་སྐད་དུ་མཉྫ་ཕ་ལ། བོད་སྐད་དུ་འཇམ་པའི་འབྲས་བུའོ། ཕྱིའི་གང་བུ་ཐལ་མོ་སྦྱར་འདྲའི་ནང་འབྲས་ཅུང་ཟད་ཁམ་ཞད་ཡོད་ལ། སྐྱེམས་པས་གསུངས་བཞིན་སུལ་རིས་སྤུས་བྲིས་པ་ཙམ་ཟླུམ་འཁོར་དུ་མང་དུ་དོད་པ། ནང་ཚིག་རོ་གྱོང་ལ་རྩུབ་པ་དེ་ལ་རྒྱ་སྐད་དུ་ཀ་རཱཉྫ་ལི། བོད་སྐད་དུ་ལག་པའི་ཐལ་སྦྱོར་ཞེས་པ། སྔ་མ་ལས་ཕྱི་མ་དྲོད་ཆེ་བ་ཡིན། ཡན་ལག་བརྒྱད་འགྲེལ་དུ། རིགས་གཉིས་གསུངས་པ།
         མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། ཀ་རཉྫ་སྦྲུལ་སྒོང་འདྲ།
         སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ཀ་རཉྫ་ནི་རོ་ཁ་ཞུ་རྗེས་དྲོད།། ཕོ་བའི་མེ་དྲོད་སྐྱེད་པར་བྱེད་པ་ཡིན།།
         སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ཀ་རཉྫ་ནི། འཇམ་འབྲས་དང་སྲིན་བུ་དམར་ལེབ་དང་སྒ་དམར་དང་འཇམ་འབྲས་སུལ་མང་དང་གླ་གོར་ཞོ་ཤ་རིལ་མོར་འདོད་པ་སོགས་སྣ་ཚོགས་ཡོད་ཀྱང་། དངོས་ཤིང་དྲོད་ཅན་ཞིག་གི་འབྲུ་རོ་ཁ་བ་སྦྲུལ་སྒོང་ལྟ་བུ་ཞིག་སྟེ་དེ་ཁམ་ནག་དང་ལྗང་ཁུ་གཉིས་བཤད་ཀྱང་དེང་སང་ཆེས་དཀོན་ལ། དེས་མེ་དྲོད་བསྐྱེད་ལ་ཚབ་ཏུ་སྨན་སྒ་རུང་ཙམ།
         མཛེས་མཚར་མིག་རྒྱན་ལས། ཀ་རཉྫ་ནི། རྒྱ་སྐད་ཡིན་ཅིང་བོད་སྐད་དུ་ལག་པའི་ཐལ་མོ་ཟེར། བྲང་ཏི་དང་ཟུར་མཁར་བ་སྐྱེམས་པ་ཚེ་དབང་སོགས་འཇམ་འབྲས་དང་། ཤང་དཀར་བས་སྒ་དམར་ལ་འདོད་པ་ནོར་བ་སྟེ། འབྲི་ཁུང་ཆོས་གྲགས་པས་ཡན་ལག་བརྒྱད་པའི་རང་འགྲེལ་ལས། ཀ་རཉྫ་རིགས་གཉིས་གསུངས་པས། འཇམ་འབྲས་ལ་རིགས་ཆེ་ཆུང་གཉིས་འབྱུང་བ་ལ་དགོངས། དཔའ་བོས། མདོག་ཁམ་ནག་དང་ལྗང་གུ་གཉིས་སུ་བཤད་པ་མདོག་གི་དབྱེ་བར་གསལ། བཻ་སྔོན་དུ། རུང་མཐུན་སྦྱོར་ན་འཇམ་འབྲས་ལས་སྨན་སྒ་ལ་ནུས་པ་སྤྱི་དགོས་གཉིས་ཀ་ཚང་།

གོང་ངོས། ཡིག་ཆ་མི་འདུག
X