>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སྐྱུ་རུ་ར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:08:18 ཀློག་གྲངས། 182

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྐྱུ་རུ་ར་ཡིས་བད་མཁྲིས་ཁྲག་ནད་སེལ།། ཞེས་པར། རོ་སྐོར་ལས། སྐྱུ་རུ་ར་ནི་བསིལ་ལ་རྣོ་བས་མཁྲིས་པ་སྣོད་དུ་ལྷུང་བ་དང་མཆིན་ནད་གསར་པ་སེལ།། ཞེས་དང་། བདུད་རྩི་ཐིགས་པར།སྐྱུ་རུ་ར་བསིལ་མཁྲིས་སེལ་རླུང་མི་སྐྱེད།། འབྲས་བུ་གསུམ་པོ་བཅུད་ལེན་སྨན་གྱི་མཆོག། ནད་ཀུན་ལ་ཕན་ཁྱད་པར་མིག་ནད་སེལ། ཞེས་གསུངས། མིང་ནི། ཨཱོ་མ་ལ་ཀཱི། སྐྱུ་རུ་ར། དྷཱ་ནྱ། དཔལ་ལྡན། ཤི་བཱཿ། ཞི་བྱེད། ཏིཥཱུ་ཕ་ལ། རྒྱལ་འབྲས། ཨ་མྲྀ་ཏ། འཆི་མེད། མཎྡྲི་བ་ཡསྠོ། ན་ཚོད་བཅུད་གནས། པཉྪ་སྭོ་ར། བཅུད་ལྔ་ལྡན། བཱིསིཏྲ། མ་མ། ཨཱོ་མ་ལ། ཨཱོ་ལ་ཀཾ ཨ་མླ། ཨ་མྲྀ་ཏོདྦྷ་བ། བདུད་རྩི་ལས་བྱུང་བ། དྷཱ་ཏྲི། དྷཱ་ཏྲི་ཕ་ལ། ཨི་བྷ་ཀ སོ་མ་སི་ལ། ཛ་མུ་ཤ དྷཱ་ཏུནཀུ་ཊ། གབ་ཏུ། གྱ་ནོམ་པ། སྐོམ་སེལ། སྨིན་འགས། ཁྲག་འབྱེད། ཨ་མ་པ། ཟེར་རོ།། འཁྲུངས་དཔེར། སྐྱུ་རུ་ར་ཞེས་བྱ་བའི་ཤིང་།། ཚད་པ་ཆེ་བའི་ཡུལ་དུ་སྐྱེ།། སྡོང་པོ་རིང་ལྡེམ་ལོ་མ་ཆེ།། མེ་ཏོག་དཀར་སེར་མདངས་མི་གསལ།། ཞེས་བཤད་ཀྱང་མིག་མཐོང་དངོས་ལ་གཞན་འདྲ་ཡང་ལོ་མ་ཕག་ཟེ་ལྟར་སིབ་སིབ་པོ། འདིའི་འབྲས་བུ་ཤ་རུས་ཕྲལ་ནས་སྐམ་པ་བཟང་། དེ་ཡང་དཀར་དམར་གཉིས་ལས་དཀར་བ་བཟང་། དམར་བ་ངན། འབྲས་བུ་ཚེ་རཀྴ་ལྟ་བུ་ཤ་སྲབ་རིལ་མོ་སྒོག་པོ་ཤིང་སྐམ་ལས་བཏུས་པ་རོ་བྲོ་བ་ཆེར་མེད་པ་ཞན། འདྲ་ཡིག་ལས། སྐྱུ་རུ་རག་ཤ་སེར་པོ་འདྲ།། ཞེས་སོ།།
         གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། སྐྱུ་རུ་ཞེས་བྱ་བའི་ཤིང་།།། ཚད་པ་ཆེ་བའི་ཡུལ་དུ་སྐྱེས།། སྡོང་པོ་རིང་ལྡེམ་ལོ་མ་ཆེ།། མེ་ཏོག་དམར་སེར་མདངས་མི་གསལ།། འབྲས་བུ་སྐྱུ་རུ་རུ་ཞེས་བྱ།། རོ་ནི་མངར་སྐྱུར་ཁ་བ་དང་།། བསྐ་དང་རྣམ་པ་བཞི་པོར་བཅས།། རང་གི་ནུས་པས་མི་ལུས་ཀྱི།། བཞི་བརྒྱ་རྩ་བཞིའི་ནད་རྣམས་སེལ།། འབྲས་བུ་གསུམ་གྱི་སྨན་གྱི་མཆོག། ནད་སེལ་སྦྱོར་བ་དཔག་ཏུ་མེད།། ཡོན་ཏན་བཤད་ཀྱིས་མི་ལང་།
         མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། སྐྱུ་རུ་ཤོལ་པོའི་རྣ་ཆ་འདྲ།།
རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། སྐྱུ་རུ་ར་ཞེས་པ་ལ་རིགས་དཀར་དམར་གཉིས་ལས་དཀར་ལ་ཤ་ཆེ་བ་བཟང་། མིང་ནི། ཨི་བྷ་ཀསོ་མ་སི་ལ། ཛ་མུ་ཤདྷ་ཏུནྐུ་ཊ། སྨིན་འགས། སྐོམ་སེལ། ཁྲག་འབྱེད་སོགས།
         རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། སྐྱུ་རུ་ར་ནི་རོ་སྐྱུར་ཞུ་རྗེས་བསིལ།། ཁྲག་ངན་འབྱེད་ཅིང་ཁྲག་ངན་སྐེམ་པར་བྱེད།།
         སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། སྐྱུ་རུ་ར་སྤྱིར་སྐྱུར་བ་ཡིན་མོད་ཀྱང་།། ཞིབ་ཏུ་ཕྱེ་ན་མངར་སྐྱུར་ཁ་ཞིང་བསྐ། ཞུ་བའི་རྗེས་བསིལ་བད་མཁྲིས་ཁྲག་ནད་སེལ།། རླུང་ཡང་མི་སྐྱེད་ཤིན་ཏུ་འཕྲོད་པ། སྐྱུ་རུ་ར་ཡིས་ཁྲག་མཁྲིས་ཚ་བ་སེལ།།
         སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། སྐྱུ་རུ་ར་ནི། རྡོ་རྗེ་མཁའ་འགྲོ་ལས། སྐྱུ་རུ་ར་ནི་ཤ་ཆེ་ཞིང་།། རུས་པ་ཆེ་ལ་རོ་དང་ལྡན།། རྡོ་བ་ཅན་གྱི་རི་ལ་སྐྱེས།། ཤིན་ཏུ་སྨིན་པ་མཆོག་ཏུ་བཟང་།།
         མཛེས་མཚར་མིག་རྒྱན་ལས། སྐྱུ་རུ་ར་ནི། རྒྱ་སྐད་དུ། ཨཱོ་མ་ལ་ཀཱི་དང་། སྐོམ་སེལ། ཁྲག་སྐེམ། ཞེས་བྱ་བ་ཚད་རོང་དུ་སྐྱེས། སྡོང་པོ་རིང་ལྡེམ་ལོ་མ་ཕག་ཟེ་ལྟར་སིབ་སིབ་བོ་མེ་ཏོག་དཀར་དམར་མདངས་མི་གསལ་བའི་འབྲས་བུ་སྟེ། དེ་ཡང་སྐྱ་ཆེ་བ་དཀར་པོ་བཟང་། ནག་ཤས་ཆེ་བ་དམར་པོ་ཟེར་དམན་པའོ།། ཚི་གུ་སུལ་དྲུག་པ་ནང་འབྲུ་ནག་པོ་དྲུག་འདུག དེ་ལ་འདི་སྐད་དུ། བསྔགས་འོས་བསྔགས་བསྟོད་ལས། རྣམ་ཀུན་འབྱུང་ནས་ཐམས་ཅད་ནི།། ལག་མཐིལ་སྐྱུ་རུ་ར་ལྟ་བུར།། ཞེས་གསུངས་པ་ལ་ཁྱད་པར་གསུམ་ཡོད་དེ། དེ་ལ་ལོང་བ་མ་གཏོགས་པས་ལག་ཏུ་བཏབ་པའི་སྐྱུ་རུ་ར་མི་ཐོགས་པར་མཐོང་བ་སྤྱིའི་ཁྱད་པར་ཏེ། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས། དཔེར་ན། སྐྱེས་བུ་མིག་དང་ལྡན་པའི་ལག་ན་སྐྱུ་རུ་རའི་འབྲུ་འདུག་པ་མཐོང་བ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་འདི་ནས་ཀུན་ཏུ་སྣང་བར་གྱུར་ཏེ། ཞེས་པའི་ཕྱིར། དེ་ཡང་སྨིན་པའི་ཚེ་དངས་པས་ཕྱི་ལྤགས་དང་ནང་འབྲུ་མི་སྒྲིབ་པར་སྣང་བ་བྱེ་བྲག་གི་ཁྱད་པར་ཏེ། དར་མོ་སྨན་པས། སྐྱུ་རུ་ར་རློན་པ་ལག་མཐིལ་ཏུ་བཏབ་སྟེ། ཕྱི་ནང་གསལ་བ་ལྟར། ཞེས་པའི་ཕྱིར། དེ་ལས་ཀྱང་འོད་ཀྱིས་ལག་རིས་ཐམས་ཅད་ལྷག་པར་གསལ་བ་ཁྱད་པར་གྱི་ཁྱད་པར་ཏེ། འཆི་འཕོ་བ་བསྟན་པའི་མདོ་ལས། སྐྱུ་རུ་ར་ལག་མཐིལ་དུ་བཞག་ན་ལག་པའི་བྱེ་བྲག་ཐམས་ཅད་གསལ་བ་དེ་བཞིན་དུ་དུས་གསུམ་གྱི་ཤེས་བྱ་ལས་མི་གཟིགས་པ་ཅི་ཡང་མི་མངའ་སྟེ། ཞེས་པའི་ཕྱིར། རྗེ་ཚུལ་ཁྲིམས་པས། དོ་ལོན་དང་ཅི་སིར་འདོད་པ་འབྲེལ་པར་མ་འབྱུང་། སྐྱུ་རུ་ར་ནི་བསིལ་ལ་རྣོ།། ཞེས་པས་བད་མཁྲིས་ཁྲག་དང་ཁྱད་པར་གཅིན་སྙི་སེལ། འདི་ཡན་ར་གསུམ་མམ་འབྲས་གསུམ།    ཞེས་གསུངས་ཡོད།

གོང་ངོས། ཀ་རཉྫ།
X