>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སྙིང་ཞོ་ཤ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:28:47 ཀློག་གྲངས། 124

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྙིང་ཞོ་ཤ་ཡིས་སྙིང་གི་ཚད་པ་སེལ།། ཞེས་པར། རོ་སྐོར་ལས། སྙིང་ཞོ་ཤ་ནི་དྲོ་ལ་སྙོམས།། ཞེས་སོ།། རང་བྱུང་བས། སྙིང་ཞོ་ཤ་ཡིས་སྙིང་ནད་སེལ།། ཞེས་གསུངས། མིང་ནི། ཨམྦ་ལི། སྙིང་ཞོ་ཤ བ་ཏ། འབྲས། ཙིཏྟ་ཀ ཡང་སྐབས་འགར་ པྲྀ་ཧ་ཏི་ཟེར་སྟེ། ཀཎྡྲི་ཀ་རི་ལའང་འཇུག་པས་སྐབས་ཐོབ་དབང་ཆེ། འདི་གནོད་སྦྱིན་བསྒྲལ་བའི་སྙིང་གར་སྐྱེས་པས་གནོད་སྦྱིན་སྙིང་འབྲས་ཀྱང་ཟེར། ཤིང་ཙུ་ཏའི་འབྲས་བུ་ཡིན་པར་བཤད་པས་ཙུ་ཏ་ཕ་ལ་ཟེར། འཁྲུངས་དཔེར། སྙིང་ནད་སེལ་བའི་ཞོ་ཤ་ནི།། རོང་གི་ནགས་ཀྱི་གསེབ་ན་སྐྱེ།། སྡོང་པོ་ཆེ་ལ་ལོ་མ་མཐུག། མེ་ཏོག་དཀར་པོ་རབ་ཏུ་མཛེས།། འབྲས་བུ་སྙིང་འདྲ་སྙིང་ཞོ་ཤ། ཞེས་བཞིན། གློ་ཡུལ་ནས་འབྱུང་། ཤ་ཆེ་བ་བཟང་། ཤ་ལོག་ཞུན་ལེབ་བྱས་པ་ཡོང་བ་མཆོག་ཏུ་བཟང་། རུས་པ་འབྲས་བུའི་དུག་ཏུ་བཤད་ཀྱང་སྙིང་ཞོ་ཤ་ལ་རུས་པ་བཟང་གསུངས། འདྲ་ཡིག་ལས། སྙིང་བུ་ཞོ་ཤ་མི་སྙིང་འདྲ།། གསུངས་སོ།།
     སྨན་མིང་རྒྱ་མཚོ་ལས། སྙིང་ཞོ་ཤ་ཡིས་སྙིང་ནད་སེལ།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སྙིང་ཞོ་ཤ་ནི། རོང་གི་ནགས་གསེབ་སོགས་སུ་སྐྱེ་བ་སྡོང་པོ་ཆེ་བ་ལོ་མ་མཐུག་ཅིང་མེ་ཏོག་དཀར་བ་ཅན་གྱི་འབྲས་བུ་སྙིང་འདྲ་བ་རྩུབ་ནག་སྟེ། དེས་སྙིང་ཚད་སེལ།
     མཛེས་མཚར་མིག་རྒྱན་ལས། སྙིང་ཞོ་ཤ་ནི། རོང་དང་གློ་ཡུལ་གྱི་ནགས་གསེབ་ན་སྐྱེས། སྡོང་པོ་ཆེ་ལ་ལོ་མ་མཐུག་ཅིང་། མེ་ཏོག་དཀར་པོ་རབ་ཏུ་མཛེས་པའི་འབྲས་བུ་ནག་པོ། ཚི་གུ་སྙིང་ལྟ་བུ་བུ་ག་ལྔ་ཡོད་པ་ཡིན། ཤེལ་འཕྲེང་ལས། ཤ་ལོག་ཤུན་ལེབ་བྱས་པ་ཡོད་པ་མཆོག་ཏུ་བཟང་། རུས་པ་འབྲས་བུའི་དུག་ཏུ་བཤད་ཀྱང་སྙིང་ཞོ་ཤ་ལ་རུས་པ་བཟང་གསུངས། ཞེས་དང་། རོ་སྐོར་ལས། སྙིང་ཞོ་ཤ་ནི་དྲོ་ལ་སྙོམས།། ཞེས་པས་སྙིང་ཚད་སེལ།

གོང་ངོས། ཡིག་ཆ་མི་འདུག
X