>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ད་ཏྲིག

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:31:21 ཀློག་གྲངས། 27

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ད་ཏྲིག་ཚ་གྲང་འཁྲུ་བ་གཅོད་པར་བྱེད།། ཅེས་པར། ལྕགས་ཕྲེང་ལས། ད་ཏྲིག་བསིལ་ལ་སྙོམས་པ་ཡིན།། ཞེས་དང་། གདམས་པ་སུམ་ཅུ་པ་ལས། ད་ཏྲིག་སྐམ་པས་འཁྲུ་བ་གཅོད་བྱེད་ཅིང་།། ལུས་ཀྱི་ཡན་ལག་ཁྲག་རྒྱས་འགྱེལ་བ་དང་།། སྐྱུགས་དང་ཡི་ག་འཆུས་པ་སེལ་བར་བྱེད།། ཅེས་དང་། རང་བྱུང་ཞབས་ཀྱིས། ད་ཏྲིག་འཁྲུ་གཅོད་དབུགས་ནད་སེལ།། ཞེས་པར་མིང་། ཨམྦྷཱི་ཡ་དང་སྐྱུར་མོ་ཟེར། འཁྲུངས་དཔེར། ད་ཏྲིག་ཅེས་བྱའི་ཤིང་དེ་ནི།། ཚད་པ་ཆེ་བའི་ནགས་ལས་སྐྱེ།། སྡོང་པོ་ཆེ་ལ་ཤུན་པ་སྐྱ།། མེ་ཏོག་དམར་ཆུང་ལོ་མ་སྒོར།། འབྲས་བུ་ལུག་ཤིག་སྒོ་ང་འདྲ།། རོ་ནི་མངར་ལ་སྐྱུར་བ། རང་གི་ནུས་པས་འཁྲུ་བ་གཅོད།། ཅེས་འབྲས་བུ་དམར་པོ་ལབ་སོན་ཙམ་ལེབ་ལ་སྦུན་མ་དམར་ཕྱེ་རྩི་སྣུམ་ཆེ་ལ་སྐྱུར་བ།
         གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ད་ཏྲིག་ཅེས་བྱའི་ཤིང་དེ་ནི།། ཚད་པ་ཆེ་བའི་ནགས་ལ་སྐྱེས།། སྡོང་པོ་ཆེ་ལ་ཤུན་པ་སྐྱ།།། མེ་ཏོག་དམར་ཆུང་ལོ་མ་ཕྲ།། འབྲས་བུ་ལུག་ཤིག་སྒོ་ང་འདྲ།། རོ་ནི་སྐྱུར་ལ་མངར་བ་ཡིན།། ནུས་པ་ཁྱད་པར་འཁྲུ་བ་གཅོད།། ད་ཏྲིག་ཆིག་ཐང་ནུས་པ་ཡིས།། བྱིས་པའི་གྲང་བཤལ་གཅོད་པར་བྱེད།། ད་ཏྲིག་འོམ་བུའི་མེ་ཏོག་དང་།། སྤང་གི་རམ་བུ་ཞོ་ནང་བཙོ།། གྲང་འཁྲུ་གཅོད་པའི་དར་ཡ་ཀན།། ད་ཏྲིག་ཐ་རམ་ཤང་ དྲིལ་དམར།། ཁུག་རྟའི་བྲུན་དང་སྙ་ལོ་དང་།། མོན་ལུག་གླ་སྒང་སྦྱར་བ་ཡིས།། ཚད་འཁྲུ་དམར་ནད་སེལ་བར་བྱེད།། ད་ཏྲིག་བཅའ་སྒ་མོན་ཆ་ར།། ལུག་གུ་རྐང་མར་མོན་ལུག་བུ་རམ་ཟེར་བའང་འདུག་ཆ་མཉམ་མར་དང་སྦྱར་བ་ཡིས།། གྲང་སྦོས་ནད་རྣམས་སེལ་བར་བྱེད།། གཞན་ཡང་ཡོན་ཏན་བསམ་མི་ཁྱབ།།
         རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། ད་ཏྲིག་ནི་ཤིང་འབྲས་དམར་ཆུང་ལུག་ཤིག་གི་སྒོ་ང་ལྟ་བུ་སྟེ། མིང་གཞན་སྐྱུར་མོ་ད་ཏྲིག་གམ། ད་ཏྲིག་ཅེས་སོ།།
         སྨན་མིང་རྒྱ་མཚོ་ལས། ད་ཏྲིག་འཁྲུ་གཅོད་དབུགས་ནད་སེལ།།
         སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། ད་ཏྲིག་རོ་སྐྱུར་ཞུ་རྗེས་དྲོད་ཡིན་ཏེ།། ནུས་པས་འཁྲུ་གཅོད་ཡན་ལག་ཁྲག་རྒྱས་འཇིབ།། སྐྱུག་དང་ཡི་ག་འཆུས་པ་སེལ་བར་བྱེད།།
         སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། ད་ཏྲིག་ནི། ཚད་པ་ཆེ་ཡུལ་དུ་སྐྱེ་བའི་སྡོང་པོ་ཆེ་ལ་ཤུན་པ་སྐྱ་ཞིང་སྐྱུར་བ་ལོ་མ་སྒོར་མོ་མེ་ཏོག་དམར་ཆུང་འབྲས་བུ་མཁྲེགས་ལ་ལུག་ཤིག་གི་སྒོ་ང་འདྲ་ལ་རོ་ཆེར་མེད་པ་དང་།
         མཛེས་མཚར་མིག་རྒྱན་ལས། ད་ཏྲིག་ནི། ཚད་པ་ཆེ་བའི་ནགས་ལས་སྐྱེས། སྡོང་པོ་ཆེ་ལ་ཤུན་པ་སྐྱ་ཞིང་མེ་ཏོག་དམར་ཆུང་། ལོ་མ་སྒོར་མོའི་འབྲས་བུ་ལུག་ཤིག་སྒོ་ང་འདྲ་བ། དམར་པོ་ལབ་སོན་ཙམ་ལེབ་ལ་སྤུན་མ་དམར་ཕྱེ་རྩི་སྣུམ་ཆེ་ཞིང་མངར་ལ་སྐྱུར་བ།

གོང་ངོས། ཡིག་ཆ་མི་འདུག
X