>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

པི་པི་ལིང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:45:52 ཀློག་གྲངས། 53

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། པི་པི་ལིང་གིས་གྲང་ནད་མ་ལུས་སེལ།། ཞེས་པ་ལ། དཔའ་བོས། པི་པི་ལིང་རློན་བད་སྐྱེད་མངར།། བསིལ་ཞིང་ལྕི་ལ་སྣུམ་པ་ཡིན།། སྐམ་པོ་དེ་ལས་ལྡོག་པ་སྟེ།། སྣུམ་ཞིང་རོ་ཙ་རོ་ཚ་ལ། ཞུ་རྗེས་མངར་ཞིང་བད་རླུང་དང་། ལུད་པ་དབུགས་མི་བདེ་སེལ་འཁྲུ།། ཞེས་སོ།། རོ་སྐོར་ལས། པི་ལིང་ནི་སྣུམ་ལ་ལྕི་བས་གྲང་རླུང་སེལ།། གློ་ཡི་ནད་ལ་ཕན་པས་གྲོགས་ཀྱི་སྟོབས།། དེ་ལས་བད་ཀན་སྨུག་པོ་དག་ལ་སྤོང་།། ཚད་པ་ཕྱོགས་ཙམ་སྐྱེད་པར་བྱེད།། ཅེས་དང་། ཞང་གཟི་བརྗིད་འབར་གྱིས། པི་པི་ལིང་ནི་སྣུམ་ལ་ཞུ་རྗེས་མངར།། བད་རླུང་ལུད་པ་དབུགས་མི་བདེ་སེལ་འཁྲུ།། འདི་ཡིས་རོ་ཙ་ཁ་ཅིག་བཅུད་ལེན་ཟེར།། ཞེས་དང་། རང་བྱུང་རྡོ་རྗེས། ཉེས་པ་གསུམ་སེལ་པི་པི་ལིང་།། ཞེས་དང་། འཚོ་མཛད་གྲུབ་པས། པི་ལིང་རོ་ཚ་ནུས་པ་རྣོ།། རྩུབ་དྲོ་ཡང་ལ་སྙོམས་པ་ཡིན།། ཞེས་དང་། བསྡུས་པར། པི་ལིང་རོ་ཚ་ཞུ་རྗེས་བསྐ།། ཞེས་གསུངས། མིང་ནི། ཀྲྀཥྛྀ། ནག་པོ། བཻ་དེ་ཧཾ། ལུས་འཕགས་སྐྱེས། མ་ག་དྷི། ཡུལ་དབུས་སྐྱེས། ཙཱ་པ་ལ་ཀ་ན།། ཟེགས་མ་གཡོ་བྱེད། ཨུ་ཤ་ཎྭ། སྲེག་བྱེད། ཤཽཎྡྲི། པི་པྤཱ་ལི། སེལ་སེལ། བྱང་ཆུབ་ལྗོན་ཤིང་། དྲོད་སྨན་ནར་མོ། སྤོད་ནར། ནག་པོ་ཚིནྡྷེ། ནག་པོ་གྲོག་རྐེད། གྲོག་མའི་གཟུགས་ཅན། སྨན་ནག བྱི་རིལ། དྲོད་སྨན་ལྗང་མོ། དྲོད་སྨན་འཇོང་མོ། ཚ་བ་ལ།། རྒྱ་ནག་གིས། ཨ་རི་ཧ་ཏ། ཕྲོམ་གྱི་སྐད་དུ། འདར་སིལ་སིལ་ཟེར། འདི་ལ་རིགས་ལྔ་ཡོད། སྔོ་ནག་ཆུང་ངུ་འབྲས་འབྲུམ་ཡེ་མ་དོད་པ་འདྲ་བ་མོ་རིགས་མཆོག ལྕགས་སྨྱུག་མ་ཟེར་བ་དང་། དེ་ལས་ནག་ལ་འབྲུམ་པ་ཡང་གསལ་བ་ཕོ་རིགས་ཏེ། རབ་བྱི་རིལ་མ་འདི་གཉིས་རྒྱ་གར་ནས་ཡོང་བ་ཡིན། རྒྱ་ནག་ནས་ཆེ་ལ་མཐོ་རེ་ཙམ་ཡོད་པ་ཤིན་ཏུ་ཚ་མངར་བྲོ་བ། འབྲུམ་འབྲས་འཇམ་པ། ཁ་དོག་ཁམ་སེར་སྲོག་ཤིང་བཅས་བཀས་ནས་སྐམ་པ་ཡོང་བ་ནི་དབང་ཕྱོགས་པི་ལིང་ཞེས་བཟང་བ་དང་། གློ་མོན་ནས་འབྱུང་བའི་ཁམ་པ་འབྲུམ་པ་རྩིང་ལ་རོ་འཇམ་པ། མདའ་སྨྱུག་གི་པྲ་སྦོམ་སོར་བཞི་ཙམ་ཡོད་པར། ག་ཛ་པི་པར་ཞེས་གླང་པོའི་པི་ལིང་དུ་གྲགས་པ་དང་། ཀོང་པོ་སོགས་བོད་རོང་ནས་ཡོང་བ་དམར་ལ་འབྲུམ་པ་གསལ་ཞིང་རོ་འཇམ་པ་ཕྲ་ལ་ཐུང་བ་སྟེ། དེ་དག་རིམ་པས་ཕྱི་མ་དམན་པ།
     རྒྱུད་རྒྱལ་བདུད་རྩི་སྙིང་པོ་ལས་རྒྱུད་ཕྱི་མའི་སྨན་ངོ་གསལ་བྱེད་བདུད་རྩི་སྒྲོན་མེ་ལས། པི་པི་ལིང་ཞེས་པ་ལ་རིགས་ཕོ་མོ་གཉིས་ལས་ཕོ་རིགས་ཕྲ་ཞིང་གྲོག་རྐེད་ཅན། མོ་རིགས་ཕྲ་ཞིང་གྲོག་རྐེད་ཅན་བཟང་། མིང་ནི་ནག་པོ་ཚན་དྷི།། དྲོད་སྨན་འཇོང་མོ། སྤོད་ནར།། སྨན་ནག་ཚ་བ་ལ་ཞེས་སོ།།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། པི་པི་ལིང་བྱི་བའི་རིལ་མ་འདྲ།།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། པི་པི་ལིང་ནི་རོ་ཚ་ཞུ་རྗེས་དྲོད།། བད་རླུང་གྲང་བ་སེལ་ཞིང་མེ་དྲོད་བསྐྱེད།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། པི་པི་ལིང་ངམ་དྲོད་སྨན་ནར་མོ་ནི། ལོ་སྡོང་ལྗང་ལ་མེ་ཏོག་སེར་པོ་འབྲུ་ནར་མོ་སྔོ་ནག་ཐལ་ཁ་ལ་མཆོག་ཕྲ་བ་གྲོག་རྐེད་ཅན་དང་། ཕལ་བ་སྦོམ་པོ་སྟེ། དེ་དག་གིས་གྲང་རླུང་མཆེར་ནད་སེལ།
     འཁྲུངས་དཔེ་བསྡུས་པ་ཡིད་བཞིན་འདོད་འཇོའི་བུམ་བཟང་ལས། པི་པི་ལིང་ཕྲ་བ་མོ་རིགས་མཆོག པི་པི་ལིང་སྦོམ་པ་ཕོ་རིགས་དམན་པ།
མཛེས་མཚར་མིག་རྒྱན་ལས། པི་པི་ལིང་ནི། སྨན་ནག ནག་རིང་། དྲོད་སྨན་ནར་མོ། གྲོག་མའི་གཟུགས་ཅན། སྤོད་ཀྱི་བྲན་ཟེར། ལོ་སྡོང་ལྗང་ལ་མེ་ཏོག་སེར་པོའི་འབྲུ་སྟེ། ལྷན་ཐབས་ཀྱི་མཆན་ལས། པི་ལིང་ཁྱད་འཕགས་ནི་དབང་ཕྱོགས་ཞེས་པ་རྒྱ་ནག་པི་པི་ལིང་བྱུང་ན་རབ། དེ་མིན་རྒྱ་གར་གྱི་པི་ལིང་ཆུང་ངུ་སྔོ་ནག་ལྕགས་ཀྱུ་མ་བྱུང་ན་འབྲིང་། གླང་པོ་ཆེའི་པི་ལིང་ནི་ཐ་མ་སྟེ། ཞེས་པ་ལྟར། རྒྱ་ནག་གི་ཆེ་བ་མཐོ་རེ་ཙམ་ཤིན་ཏུ་ཚ་མངར་འབྲུམ་འབྲས་འཇམ་པ་མདོག་ཁམ་སེར་སྲོག་ཤིང་བཅས་བཀས་ནས་ནས་སྐམ་པ་ཡོད་པ་དབང་ཕྱོགས་པི་ལིང་ཞེས་པ་དང་། རྒྱ་གར་གྱི་སྔོ་ནག་ཆུང་ངུ་འབྲིང་། གློ་མོན་གྱི་ཁམ་པ་འབྲུམ་པ་རྩིང་ལ་རོ་འཇམ་སོར་བཞི་ཙམ་ཀཉྫ་པི་པར་ཞེས་སོགས་ཡུལ་གཞན་གྱི་དམན་པ། དཔའ་བོས། པི་པི་ལིང་རློན་བད་སྐྱེད་མངར།། བསིལ་ཞིང་ལྕི་ལ་སྣུམ་པ་ཡིན།། སྐམ་པོ་དེ་ལས་ལྡོག་པ་སྟེ།། སྣུམ་ཞིང་རོ་ཙ་རོ་ཚ་ལ།། ཞུ་རྗེས་མངར་ཞིང་བད་རླུང་དང་།། ལུད་པ་དབུགས་མི་བདེ་སེལ་འཁྲུ།། ཞེས་དང་། འཚོ་མཛད་གྲུབ་པས། པི་ལིང་རོ་ཚ་ནུས་པ་རྣོ། རྩུབ་དྲོ་ཡང་ལ་སྙོམས་པ་ཡིན།། ཞེས་པས། གྲང་དང་ཁྱབ་པར་མཆེར་ནད་སེལ།།

གོང་ངོས། ཡིག་ཆ་མི་འདུག
X