>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

བ་རུ་ར།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-06 11:50:33 ཀློག་གྲངས། 167

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། བ་རུ་ར་ཡིས་བད་མཁྲིས་ཆུ་སེར་སེལ།། ཞེས་པར། སློབ་དཔོན་དཔའ་བོས། ཡོན་ཏན་ཅུང་དམན་བ་རུ་ར།། ཞུ་རྗེས་ཚ་མངར་སྐྲ་མིག་ཕན།། ཞེས་དང་། གདམས་པ་སུམ་ཅུ་པར། བ་རུ་ར་ནི་ཞུ་རྗེས་མངར་ལ་སྙོམས།། བད་ཀན་ཆུ་སེར་ནག་པོ་སྐེམ་པར་བྱེད།། ཅེས་དང་། རང་བྱུང་རྡོ་རྗེས། བ་རུ་ར་དང་སྐྱུ་རུ་ར།། འདུ་བའི་ནད་རྣམས་སེལ་བར་བྱེད།། ཅེས་པའི་མིང་ནི། བྷཱུ་ཌི་བ་ལ། འབྱུང་པོའི་གནས། ཀ་ལ་དྲུ་མ། རྩོད་པའི་ཤིང་། ཨཀྵ་ར། མིག རུ་ཁ། ཚིམ་བྱེད། མཱུ་ལཱཀྵ། མིག་གི་རྩ་བ། སྐལྤ་སྭོ་ད་ས། དཔག་བསམ་ཤིང་། བ་ན། ནགས།བབྷཻ་ཥ་ཛྱེ། སྨན་གྱི་སྡེ། ཝགཱ་ཏ། ཏུ་ལི། བ་རུ་ར། མ་ཧི་ཋླཱྀ། ས་ཧི་ཋླཱྀ། བ་ཧི་ག བི་བྷཱི་ཏ་ཀ བ་ཧི་ཏ་ཀ བ་ཧུ་ཝ་ར། ཝ་སནྟ་ཀ། བ་ལ་ཧ། ཏྲི་ཤ་གོ་ལ། བྷ་ཧེ་ར་རྣམས་དང་། ཡངཡང་སཾ་པུ་ཊི་ལས། ཤླཥྩའི་འབྲས་བུས། ཞེས་པ་ལ། མན་ངག་སྙེ་མར། དེ་ནི་བད་ཀན་མཐར་བྱེད་དེ། བ་རུ་རའོ་ཞེས་བཤད། རྒྱ་ནག་གིས་ཧཾ་ཟེའུ་ཞེས་ཟེར། དོལ་བོར་པ་ལ་ཏ་ཀ གྲུ་གུར་ཏྲི་ཤ་ཀོ་ལ་ཟེར། གབ་ཏུ་ཤིང་སྒོང་སྐྱ་བོ་ཟེར། འཁྲུངས་དཔེར། བ་རུ་ར་ཞེས་བྱ་བ་ནི།། ཤིང་སྡོང་སེར་སྐྱ་ཆེ་བ་ལ།། ལོ་མ་ལེབ་མོ་མདངས་མི་གསལ།། མེ་ཏོག་དཀར་པོ་ཆུང་བ་ཡིན།། ཨ་རུ་ར་ཡི་ཡོན་ཏན་ཚང་།། ནུས་པས་བད་མཁྲིས་རླུང་གསུམ་དང་།། ཆུ་སེར་ནག་པོ་སེལ་བར་བྱེད།། ཅེས་གསུངས། རྡོ་རྗེ་མཁའ་འགྲོའི་འགྲེལ་བར། འབྲས་བུའི་རིགས་ཁ་དོག་ལྗང་གུ་ནི་མ་སྨིན་པའི་རྟགས་ཡིན་ཡང་། བ་རུ་ར་ནི་ལྗང་གུ་ལེགས་པའི་རྟགས།། ཞེས་གསུངས། ཁ་དོག་གསལ་ལ་མཁྲེགས་པ་བཟང་བ་ཡིན།
གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། བ་རུ་ར་ཞེས་བྱ་བ་ནི།། ཤིང་སྡོང་སེར་སྐྱ་ཆེ་བ་ལ།། ལོ་མ་ལེབ་སྒོར་མདངས་མི་གསལ།། མེ་ཏོག་དཀར་སྐྱ་ཆུང་བ་ཡིན།། འབྲས་བུ་བ་རུ་ར་ཞེས་བྱ།། ཨ་རུ་ར་དང་ཡོན་ཏན་མཉམ།། རོ་ནི་ཁ་མངར་ཚ་སྐྱུར་བཞི།། རོ་ནི་ཁ་བས་ནད་རྣམས་སེལ།།
     མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། བ་རུ་ར་ཉུང་ཆུང་བེམ་པ་འདྲ།།
     རིན་པོ་ཆེའི་རོ་ནུས་ཞུ་རྗེས་བསྟན་པ་ལས། བ་རུ་ར་ནི་རོ་ཁ་ཅུང་ཟད་བསིལ།། ནུས་པས་བད་ཀན་ཚ་བ་སེལ་བ་ཡིན།།
     སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་ལས། བ་རུ་ར་སྤྱིར་རོ་ནི་བསྐ་བ་སྟེ།། ཁ་མངར་ཚ་སྐྱུར་བཞི་ཡང་ཡོད་པར་འདོད།། ཞུ་རྗེས་ཚ་མངར་སྙོམས་པས་བད་མཁྲིས་དང་།། ཁྱད་པར་ཆུ་སེར་ནག་པོ་སྐེམ་པར་བྱེད།།
     སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། བ་རུ་ར་ནི། ཤིང་སྡོང་སེར་སྐྱ་ཆེ་བ་ལོ་མ་ལེབ་མོ་མདངས་མི་གསལ་བ་མེ་ཏོག་དཀར་ཆུང་ཅན་དེའི་འབྲས་བུ་སྟེ། ཨ་རུ་ར་ལས་འཇམ་ལ་སེར་ཆུང་རབ་དང་། ཆེ་བ་དམན་པ་སྟེ་དེ་དག་གིས་བད་མཁྲིས་དང་ཆུ་སེར་རླུང་སེལ།
     སྨན་མིང་དང་ངོས་འཛིན་ཐོར་བུ་མཁས་པའི་ངག་གི་བདུད་རྩིའི་ཟེགས་མ་ལས། ཕལ་སྐད་དུ། བྷ་ཧུ་ལ། ཞེས་ཟུར་ཆག་པའི་བ་རུ་ར་ནི། རྡོ་རྗེ་མཁའ་འགྲོ་ལས། བ་རུ་ར་ནི་ཐ་མལ་པའི།། རི་ལས་སྐྱེས་པའམ་གཞན་ཡང་རུང་། ལྕི་ཞིང་སྣུམ་དང་བཅས་པ་བཟང་།། ཞེས་གསུངས་ཤིང་། སམྦུ་ཊ་ལས། ཤླཥཱུའི་འབྲས་བུ་ཞེས་པའོ།།
     མཛེས་མཚར་མིག་རྒྱན་ལས། བ་རུ་ར་ནི། ཤིང་སྡོང་སེར་སྐྱ་ཆེ་བ་ལོ་མ་ལེབ་མོ་མདངས་མི་གསལ། མེ་ཏོག་དཀར་ཆུང་ཅན་གྱི་འབྲས་བུ་སྟེ། རྡོ་རྗེ་མཁའ་འགྲོ་མའི་འགྲེལ་པ་ལས། འབྲས་བུའི་རིགས་ལ་ཁ་དོག་ལྗང་གུ་ནི་མ་སྨིན་པའི་རྟགས་ཡིན་ཡང་། བ་རུ་ར་ནི་ལྗང་གུ་ལེགས་པའི་རྟགས་ཞེས་དང་། ཨ་རུ་ར་ནས་འཇམ་ལ་སེར་ཆུང་མཆོག ཆེ་བ་དམན། དེའི་ཚི་གུ་ལ་འབྲི་རྐང་ཟེར་བ་ཨ་རུ་དང་བ་རུ་གཉིས་ཀྱི་ཚི་གུས་ཚ་བའི་ཆུ་སེར་དང་ཆུ་སྐེམ་མཆིན་ལ་ཕན་པ། སློབ་དཔོན་དཔའ་བོས། ཡོན་ཏན་ཅུང་དམན་བ་རུ་ར།། ཞུ་རྗེས་ཚ་མངར་སྐྲ་མིག་ཕན།། ཞེས་དང་། གདམས་པ་སུམ་ཅུ་པ་ལས། བ་རུ་ར་ནི་ཞུ་རྗེས་མངར་ལ་སྙོམས།། ཞེས་པས་བད་མཁྲིས་ཆུ་སེར་སེལ།།

གོང་ངོས། ཡིག་ཆ་མི་འདུག
X