>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

ཟླ་གོར་ཞོ་ཤ

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-08 10:29:00 ཀློག་གྲངས། 35

     བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། ཟླ་གོར་ཞོ་ཤས་མཆེར་ཚད་སེལ།། ཞེས་པར། རོ་སྐོར་ལས། གོང་མ་གཉིས་བཤད་ནས། ཟླ་གོར་ཞོ་ཤ་དེ་ལས་བསིལ།། ཞེས་དང་། བདུད་རྩི་ཐིགས་པར། ཟླ་གོར་ཞོ་ཤ་དྲོ་སྙོམས་སྐྲངས་པར་བྱུགས།། དེ་འཇིབས་ས་བོན་འཕེལ་བར་བྱེད་པའི་མཆོག། ཅེས་དང་། རང་བྱུང་བས། ཟླ་གོར་གློ་ནད་བད་ཀན་ཕན།། ཞེས་གསུངས། མིང་། ཤ་ལུ་ཀ གླང་མིག མཆེར་པ་ཞོ་ཤ་ཟེར། འཁྲུངས་དཔེར། ཟླ་གོར་ཞོ་ཤ་ཞེས་བྱ་བ།། ཤིང་སྡོང་ཆུང་ལ་ཕྲ་བ་ཡིན།། འབྲས་བུ་ནག་ཁྲ་མཁལ་མའི་དབྱིབས་།། ཞེས་པ་ཤིང་སྡོང་ཕྲ་ལ་ལོ་མ་སྒོར་མོར་མཐུག་པ། མེ་ཏོག་དཀར་པོ་གང་བུ་སྙིང་འདྲ་བའི་ནང་དུ་འབྲས་བུ་ནག་ཁྲ་མཁལ་དབྱིབས་ལས། ཁྱད་པར་མིང་དང་མཐུན་པར་ཟླ་བ་ཕྱེད་པའི་དབྱིབས་ཅན།། སྒང་དུ་འབྲས་སྒོ་ནག་པོའི་ཆ་ག་དོད་པ་སྟེ།། འགའ་རེར་དཀྱིལ་སྲབ་མཐའ་མཐུག་མཆེར་དབྱིབས་ཡོད་པ་བཟང་གསུངས། འདྲ་ཡིག་ལས། ཟླ་གོར་ཞོ་ཤ་ཟླ་བ་ཕྱེད་ཚལ་འདྲ།། ཞེས་གསུངས་སོ།།
     གསོ་དཔྱད་སྔོ་སྣ་ཚོགས་ཀྱི་མན་ངག་རིན་པོ་ཆེའི་འཁྲུངས་དཔེ་བསྟན་པ་ལས། ཟླ་གོར་ཞོ་ཤ་ཞེས་བྱ་བ།། ཤིང་སྡོང་ཆུང་ལ་ཕྲ་བ་ཡིན།། ལོ་མ་ནར་མོ་སྣུམ་ལ་མཐུག། མེ་ཏོག་དཀར་ལ་འབྲས་བུ་སྙིང་དང་འདྲ།། འབྲས་བུ་ནག་བཀྲ་མཁལ་མའི་དབྱིབས།། རོ་ནི་མངར་ལ་སྣུམ་པ་ཡིན།། མཁལ་ནད་སེལ་བའི་དར་ཡ་ཀན།། སྦྱོར་བའི་སྡེ་ཚན་གཞན་རྣམས་ཀྱི།། གྲོགས་སུ་སྨན་མཆོག་འདི་འགྲོ་བས།། ཡོན་ཏན་བསམ་གྱིས་མི་ཁྱབ།
     མཛེས་མཚར་མིག་རྒྱན་ལས། གླ་གོར་ཞོ་ཤ་ནི། ཟླ་གོར་ཞོ་ཤ མཆེར་པ་ཞོ་ཤ གླང་མིག་ཟེར། དེ་ལ་མཆིན་པ་ཞོ་ཤར་འཛིན་པ་ནི་ནོར་བ་ཡིན། ཤིང་སྡོང་ཕྲ་ལ་ལོ་མ་སྒོར་མོ་མཐུག མེ་ཏོག་དཀར་པོ་གང་བུ་སྙིང་འདྲ་བའི་ནང་གི་འབྲས་བུ་ནག་ཁྲ་མཁལ་མའི་དབྱིབས་ལྟར་ལེབ། དཀྱིལ་སྲབ་མཐའ་མཐུག་པ་མཆེར་པ་ཞོ་ཤར་གྲགས། དེ་ཡན་ཞོ་ཤ་གསུམ་ཟེར། རོ་སྐོར་དུ་གོང་མ་གཉིས་བཤད་ནས། ཟླ་གོར་ཞོ་ཤ་དེ་ལས་བསིལ།། ཞེས་དང་། བདུད་རྩི་ཐིགས་པར། ཟླ་གོར་ཞོ་ཤ་དྲོ་སྙོམས་སྐྲངས་པར་བྱུགས།། ཞེས་པས་མཆེར་ཚད་སེལ།

གོང་ངོས། ཡིག་ཆ་མི་འདུག
X