>
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > སྨན་རྫས། > ཤིང་གི་སྨན། > > ནང་དོན།

སྲ་འབྲས།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བོད་གཞུག་སྐྱིད། དུས་ཚོད། 2015-06-08 10:42:50 ཀློག་གྲངས། 27

         བདུད་རྩི་སྨན་གྱི་རྣམ་དབྱེ་ངོ་བོ་ནུས་མིང་རྒྱས་པར་བཤད་པ་དྲི་མེད་ཤེལ་ཕྲེང་ལས། སྲ་འབྲས་ནི། རྩྭ་འབྲས་ཀྱང་ཟེར། སྐྱེ་ཚུལ་ནི། སྲ་འབྲས་ཤིང་སྡོང་འབྲིང་བ་ལ།། ལོ་མ་སྤ་མའི་ལོ་མ་འདྲ།། འབྲས་བུ་ནག་པོ་ཤུག་འབྲུ་ཙམ།། དབྱིབས་ནི་བུམ་འདྲ་ཁ་དོག་ནག། སྲ་མཁྲེགས་ལྕགས་ཀྱི་བུམ་ཆུང་འདྲ།། ཞེས་སོ།། འདི་ལ་རིགས་གཉིས་ལས། ཆེ་བ་ལུག་རིལ་ཙམ་འབར་འབུར་མང་ལ་སྙི་བ་དེ་ངན། ཆུང་ངུ་ནར་ཞད་ཡོད་པ་བུམ་རྫབ་ཅན་མཁྲེགས་པ་དེ་བཟང་། འདྲ་ཡིག་ཏུའང་། སྲ་འབྲས་ལྕགས་ཀྱི་བུམ་ཆུང་འདྲ།། ཞེས་སོ།།
         མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། སྲ་འབྲས་ལྕགས་ཀྱི་བུམ་ཆུང་འདྲ།།
         སྨན་སོ་སོའི་མངོན་བརྗོད་དང་ངོས་འཛིན་ཤེལ་དཀར་མེ་ལོང་ལས། སྲ་འབྲས་ནི། སྨྱུག་མའི་འབྲུ་ལ་འདོད་པ་ནི་ནོར་ལ། དངོས་ནི་སྡོང་པོ་འཚམ་པ་ལོ་མ་སྤ་མ་འདྲ་བ་འབྲས་བུ་ཤུག་འབྲུ་ཙམ་བུམ་ཆུང་གི་དབྱིབས་ཅན་ནག་པོ་མཁྲེགས་པ།
         མཛེས་མཚར་མིག་རྒྱན་ལས། སྲ་འབྲས་ནི། རྩྭ་འབྲས་ཀྱང་ཟེར། ཤིང་སྡོང་འབྲིང་པོ་ལོ་མ་སྤ་མ་འདྲ། འབྲས་བུ་སྔོ་སྨུག་ཤུག་འབྲུ་ལྟ་བུ་ལས། དབྱིབས་བུམ་པ་འདྲ་བ་སྲ་མཁྲེགས་ཏེ། དེར་ཆུང་ངུ་ནར་ཞད་ཡོད་པ་བུམ་རྫབ་ཅན་མཁྲེགས་པ་བཟང་། ཆེ་བ་ལུག་རིལ་ཙམ་འབར་འབུར་མང་ལ་སྙི་བ་ངན། དེས་མཁལ་གྲང་སེལ།

གོང་ངོས། སོ་ཆ།
X