//不能复制 // >
ཁྱེད་ཀྱི་གནས་ཡུལ། > གཙོ་ངོས། > ལས་ཁུངས། > ནད་ཐོག་ལས་རིགས། > མཚོ་སྔོན། > ནང་དོན།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་།

ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། བཀྲ་བྷ། དུས་ཚོད། 2015-07-06 15:44:40 ཀློག་གྲངས། 28 

     

     མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ནི་སྤྱི་ལོ་༡༩༨༣ལོའི་ཟླ་༡༠བའི་ཚེས་༢༠ཉིན་མདོ་ཁམས་གཡར་མོ་ཐང་གི་ཤར་ཕྱོགས་ཙོང་ཁའི་ཡུལ་ནས་དབུ་བརྙེས། ལོ་ངོ་ཉི་ཤུ་ལྷག་གི་འཕེལ་རྒྱས་བརྒྱུད་དེ་ད་ལྟ་ནད་ཐོག་ལག་ལེན་དང་། ཚན་རྩལ་ཞིབ་འཇུག   གསོ་རིག་སློབ་གསོ། སྨན་སྡེབ་སྦྱོར་བཟོ། ཆ་འཕྲིན་གསར་སྤེལ། ཐོན་ཁུངས་སྲུང་སྐྱོབ་སོགས་བྱེད་པར་ཕྱིའི་སྔོན་ཐོན་ཐབས་ཤེས་དང་། ནང་གི་སྙིང་བཅུད་འདོན་སྤེལ་གཉིས་ཟུང་འབྲེལ་བྱས་ཏེ་ཕྱོགས་ཡོངས་ནས་བོད་ཀྱི་གསོ་རིག་འཕེལ་རྒྱས་སུ་བཏང་སྟེ་འཛམ་གླིང་མིའི་རིགས་ཀྱི་ལུས་ཁམས་བདེ་སྲུང་ལ་ནུས་པ་ཆེན་པོ་ཐོན་བཞིན་པའི་ལྟེ་གནས་གལ་ཆེན་ཞིག་ཏུ་གྲུབ་ཡོད།

      དེ་ཡང་སྨན་ཁང་སྤྱིའི་འཕེལ་རིམ་ལྟར་འདིར་ཡང་སྒོ་བསྟེན་ཚན་ཁག་དང་། ཁོང་ནད་ཚན་ཁག སྨན་ལུམས་ཚན་ཁག  ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཚན་ཁག མཆིན་མཁྲིས་ནད་ཀྱི་ཚན་ཁག དཔྱད་བཅོས་ཚན་ཁག  གཉན་རིམས་ཚན་ཁག  མོ་ནད་ཚན་ཁག གཤག་བཅོས་ཚན་ཁག སྡེབ་བཟོ་སྨན་སྦྱོར་ཁང་སོགས་གྲ་རྒྱས་འཐུས་ཚང་ཅན་གྱི་ཚན་ཁག་སུམ་ཅུ་ལྷག་དང་ནད་ཁྲི་བཞི་བརྒྱ་ལྷག་ཚུགས་ཡོད་ལ་གཞུང་ལུགས་དང་ལག་ལེན་གང་ཅིར་ནང་བྱན་ཆུད་པའི་རྒན་རབས་སྨན་རམས་པ་མང་པོ་ཞིག་དང་། གཞོན་རབས་ཤེས་ལྡན་པ་འབོར་ཆེན་ཞིག་བཞུགས་ཏེ་གཞུང་ལུགས་ལ་ཞིབ་འཇུག་དང་། ནད་ཐོག་ལ་དབྱེ་ཞིབ་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་ཞིབ་ལས་གཞི་མང་པོ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་དང་། ཁྱད་པར་དུ་སྔོན་ཐོན་གྱི་དཔྱད་ཆས་མང་པོ་སྟེ། CTདཔྱད་ཆས། རྫས་དཔྱོད་དཔྱད་ཆས། CRགློག་འོད་དཔྱད་ཆས། Bའཕྲོ་དཔྱད་ཆས། འགུལ་རྣམ་སྙིང་རིས་དཔྱད་ཆས། རྫས་འགྱུར་བརྟག་ཞིབ་དཔྱད་ཆས་སོགས་ཤིན་ཏུ་མང་པོ་ནང་འདྲེན་བྱས་ཏེ་ནད་ཐོག་ཏུ་དངོས་སུ་བེད་སྤྱོད་བྱེད་བཞིན་ཡོད།

   རིམ་པ་གོང་མས་ཟོལ་མེད་ཀྱི་རྒྱབ་སྐྱོར་དང་བློ་གཞོགས་ཡངས་པའི་འགོ་ཁྲིད་ཁག་གི་མཛུབ་སྟོན། ལྷག་པར་ལས་བཟོ་བ་ཡོངས་ཀྱིས་འབད་བརྩོན་ལ་བརྟེན་ནས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་མི་རིགས་གསོ་རིག་སྨན་ཁང་འཛུགས་སྐྲུན་གྱི་གཙོ་གནད་ལས་ཁུངས་དང་། རྒྱལ་ཁབ་སྨན་རྫས་ནད་ཐོག་ཚོད་ལྟའི་རྟེན་གཞིར་གྱུར་པའི་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་བོད་ལུགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་གི་དཔེ་སྟོན་སྨན་ཁང་གི་མཚན་སྙན་སོགས་གནངས་ཏེ་ཐེངས་མང་པོར་སྔོན་ཐོན་ལས་ཁུངས་སུ་བདམས།

     འོན་ཀྱང་ཚུགས་པ་འཕྱིས་ལ་འཕེལ་རྒྱས་མྱུར་བའི་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་བརྟན་བརླིང་ངང་གོང་དུ་འཕེལ་བ་དེས་བོད་ཀྱི་གསོ་རིག་སྤྱིའི་འཕེལ་རྒྱས་དང་གྲུབ་འབྲས་མཐོང་ཐུབ་པར་མ་ཟད། ཕྱོགས་སོ་སོའི་བོད་ཀྱི་གསོ་རིག་སློབ་གསོ་དང་སྨན་བཅོས་ལས་དོན་འཕེལ་རྒྱས་དང་རྒྱུད་འཛིན་བྱེད་པར་ཡང་དབུ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཞིག་ཐོན་བཞིན་ཡོད་པའང་རྟོགས་ཐུབ།

གོང་ངོས། ཡིག་ཆ་མི་འདུག
X